
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༣ ཉིན་རྒྱ་གར་བྱང་ཕྱོགས་མ་ནཱ་ལཱིར་རྟེན་གཞི་བྱས་པའི་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་མངའ་རིས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༠ པ་དབུ་འཛུགས་གནང་ཞིང་། སྐབས་དེའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་བཅར་གནང་ཡོད། དེ་ཡང་མངའ་རིས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༠ པ་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་ཚོགས་རྒྱུ་རེད་འདུག

དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། གཞན་སྐུ་མགྲོན་དུ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ར་ཝི་ ཐཱ་ཀུར་ (Shri Ravi Thakur) མཆོག་དང་། མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་མི་ཕམ་ལགས། ས་གནས་འགོ་འཛིན་བསྟན་འཛིན་རྣམ་རྒྱལ་ལགས། ས་གནས་ཚོགས་པ་ཁག་གི་སྐུ་ཚབ་དང་ཚོགས་བཅར་བ། ས་གནས་བོད་མི་བཅས་མཉམ་ཞུགས་གནང་ཡོད་འདུག

མཛད་སྒོའི་ཐོག་མར་སྣང་གསལ་མར་མེ་ཞལ་ཕྱེ་དང་། དེ་ནས་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ངག་བཅད་སྐར་མ་གཅིག་རིང་ཞུས་རྗེས་མཛད་རིམ་དངོས་སུ་དབུ་བཙུགས་གནང་ཡོད་འདུག

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་གིས་ཐོག་མར་ཚོགས་བཅར་བ་ཡོངས་ལ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་། འགན་འཛིན་ལྷན་ཚོགས་འདི་བཞིན་ལམ་ལྷོངས་ཡོང་བའི་རེ་བ་དང་སྨོན་འདུན་ཞུས་པ་དང་སྦྲགས་གསུང་བཤད་གནང་དོན་གཙོ་བོ། རྒྱ་ནག་གཞུང་གིས་ཉེ་ཆར་གཏན་ལ་ཕབ་པའི་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་གཞི་” ཟེར་བ་དེའི་ཉེན་ཚབས་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་དང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་མཆོག་གིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་བཏང་གནང་བར་ཆེ་མཐོང་གུས་བཀུར། བོད་མི་རྣམས་ཆིག་སྒྲིལ་གྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ཕྱོགས་སུ་ནུས་པ་མཉམ་སྤུང་བྱེད་དགོས་པའི་སྐུལ་མ་གནང་འདུག

གཞན་ཡང་སྤྱི་འཐུས་མཆོག་གིས། མངའ་རིས་སྤྱི་མཐུན་ཚོགས་པ་ཐོག་མ་དབུ་འཛུགས་གནང་མཁན་གྱི་མི་རབས་རྒན་པ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་སྐོར་དང་། མངའ་རིས་ཀྱི་བྱུང་རབས་ལ་གཞིགས་ཏེ་མངའ་རིས་མང་ཚོགས་ཀྱིས་བོད་ཀྱི་ཆབ་སྲིད་འཐབ་རྩོད་ནང་ཞབས་ཞུ་ཆེན་པོ་ཞུས་ཡོད་པར་བསྔགས་བརྗོད་གནང་བ། སླད་ཕྱིན་མངའ་རིས་མི་རབས་གསར་པ་ཚོས་མུ་མཐུད་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལམ་སྟོན་འོག་ལས་དོན་སྒྲུབ་དགོས་པའི་སྐུལ་མ་གནང་འདུག

མཇུག་ཏུ་སྤྱི་འཐུས་མཆོག་གིས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ར་ཝི་ ཐཱ་ཀུར་མཆོག་ནས་བོད་དོན་ཐོག་རྒྱུན་དུ་ཐུགས་སྣང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་སྤྱི་འཐུས་མཆོག་བརྒྱུད་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ཟུར་པ་རྣམས་ལ་ཆེ་བསྟོད་ཕྱག་རྟགས་གནང་འདུག མཐར་སྐུ་མགྲོན་དང་ཚོགས་བཅར་བ་རྣམ་པ་སྐུ་པར་ལྷན་སྒྲོན་གནང་སྟེ་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲོལ་འདུག་པ་བཅས།