བྱམས་བརྩེའི་ལོ་སྲུང་བརྩི་དང་བསྟུན་སྐབས་ ༡༦ པའི་ལོ་འཁོར་ Food Bank གོམ་བགྲོད་ཀྱི་ལས་འགུལ་ཐོག་བོད་མི་ཁག་གཅིག་མཉམ་ཞུགས་གནང་བ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་འབྲེལ་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པ་དང་བསྟུན། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༥ ཉིན་ཨ་རིའི་མེ་ས་ཆུ་སེཌ་བོད་རིགས་སྤྱི་མཐུན་ཚོགས་པའི་བོད་ཀྱི་རུ་ཁག་ནས་ཐེངས་དང་པོར་སྐབས་ ༡༦ པའི་ལོ་འཁོར་ Food Bank གོམ་བགྲོད་ནང་མཉམ་ཞུགས་གནང་ཡོད་འདུག 

ལས་འགུལ་དེ་བཞིན་ལོ་ལྟར་མོན་ཊེ་ བྷེལ་མོན་ཊེ་ (Monte Belmonte) མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་ མེག་གྷོ་ཝན་ (Jim McGovern) མཆོག Food Bank ཡི་སྤྱི་ཁྱབ་འགན་འཛིན་ཨན་ཌི་རུ་ མོར་ཧའུ་སེ་ (Andrew Morehouse) ལགས། ས་གནས་ཀྱི་མི་མང་བརྒྱ་ལྷག་ཙམ་ནས་སི་པིརྒ་ ཕིལ་ཌི་ (Springfield) ནས་གྷི་རིན་ ཕིལ་ཌི་ (Greenfield) བར་མལ་ལེ་ ༤༣ ཙམ་གོམ་བགྲོད་ཀྱིས་དཔལ་འབྱོར་བསྡུ་རུབ་དང་བཀྲེས་སྐོམ་ངལ་སེལ་གྱི་ལས་གཞིའི་སྐོར་གོ་རྟོགས་སྤེལ་བཞིན་ཡོད་འདུག 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་བྱམས་བརྩེ་ལག་བསྟར་དགོས་པའི་བཀའ་སློབ་སྩལ་དོན་ལྟར། མེ་ས་ཆུ་སེཌ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་བོད་ཀྱི་རུ་ཁག་ཅིག་ཐེངས་འདིའི་ Food Bank གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་འདུག  སྐབས་དེར་བྱང་ཨ་རི་ཕྱོགས་ཞུགས་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་སླད། མགོན་པོ་མཆོག་གི་བཀའ་དགོངས་ལྟར། ང་ཚོས་ས་གནས་སུ་བྱམས་བརྩེ་གོང་སྤེལ་དང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་ཐོག་མཉམ་ཞུགས་གནང་བཞིན་ཡོད། རྩ་བའི་མེ་ས་ཆུ་སིཌ་མངའ་སྡེའི་ནང་བོད་མི་རྣམས་གནས་སྡོད་བྱས་ནས་ལོ་ངོ་ ༣༥ ལྷག་འགྲོ་ཡི་ཡོད་ཅིང་། ད་ལན་བཀྲེས་སྐོམ་སེལ་ཐབས་ཀྱི་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་བ་ནི་སོ་སོ་གནས་ཡུལ་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད་ཅེས་གསུངས་འདུག 

མེ་ས་ཆུ་སེཌ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། ཐེངས་འདིའི་ལས་འགུལ་ནང་བོད་ཀྱི་རུ་ཁག་ནས་མ་དངུལ་ཨ་སྒོར་ ༤༠༠༠ མ་ཟིན་ཙམ་བསྡུ་རུབ་དང་། གོམ་བགྲོད་ཉིན་གཉིས་པའི་སྔ་དྲོའི་ཞལ་ལག་མཐུན་འགྱུར་ཞུས་ཡོད། ས་གནས་མི་མང་དང་ལྷན། ད་ལན་ལས་འགུལ་འདིའི་ནང་བོད་མི་ཉི་ཤུ་ལྷག་ཙམ་གྱིས་མཉམ་ཞུགས་གནང་ཡོད། དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལག་བསྟར་གནང་བ་ཞིག་དང་། མེ་ས་ཆུ་སེཌ་ས་གནས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་མཚོན་གྱི་ཡོད་ཅེས་གསུངས་འདུག 

གོམ་བགྲོད་རིང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་ གྷོ་ཝན་མཆོག་དང་། སྤྱི་འཐུས་དོན་གྲུབ་ཚེ་རིང་མཆོག་རྣམ་གཉིས་དབར་བཀའ་མོལ་གནང་སྐབས། སྐུ་ཞབས་ཇིམ་མེག་ གྷོ་ཝན་མཆོག་གིས་ Food Bank ཞེས་པའི་ལས་འགུལ་གྱི་གལ་གནད་དང་འབྲེལ། ཁོང་ཉིད་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་བ་ཐེངས་ ༡༣ ཆགས་ཀྱི་ཡོད། ས་གནས་འདྲ་མིན་ནང་བཀྲེས་སྐོམ་གྱི་མནར་བའི་མི་སེར་མང་དག་ཅིག་ཡོད་པ་དང་། གོམ་བགྲོད་འདི་བརྒྱུད་དཔལ་འབྱོར་བསྡུ་རུབ་བྱུང་བ་རྣམས་སོ་སོའི་སྤྱི་ཚོགས་ནང་ཡོད་པའི་མི་ཞིག་ལ་ཕན་ཐོགས་ཐུབ་ཀྱི་ཡོད་སྟབས། ལས་འགུལ་འདིའི་ཐོག་མཉམ་ཞུགས་གནང་གི་ཡོད་ཅེས་གསུངས་པ་དང་། དེ་བཞིན་ཁོང་གིས་ལས་འགུལ་འདིའི་ནང་བོད་མིའི་རུ་ཁག་མཉམ་ཞུགས་དང་འབྲེལ་ཏེ་གསུངས་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་སྲུང་བརྩིའི་ཆ་ཤས་སུ་བོད་མི་རྣམས་དང་ལྷན་ཐེངས་འདིའི་གོམ་བགྲོད་ནང་མཉམ་ཞུགས་གནང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། འདི་ནི་༸མགོན་པོ་གང་ཉིད་མཆོག་གི་དགོངས་པ་དང་མཐུན་གྱི་ཡོད་ཅེས་གསུངས་འདུག 

Food Bank གྱི་གོམ་བགྲོད་འདི་བརྒྱུད་མེ་ས་ཆུ་སེཊ་ནུབ་ཕྱོགས་ཀྱི་ Food Bank གི་ལས་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། ཟླ་རེར་ས་གནས་སུ་གནས་སྡོད་མི་མང་ ༡༢༣༠༠༠ ལྷག་ཙམ་ལ་མཐུན་འགྱུར་རོགས་རམ་གནང་གི་ཡོད་འདུག  

ཕྱི་ལོ་ ༢༠༡༠ ལོར་མོན་ཊེ་ བྷེལ་མོན་ཊེ་ (Monte Belmonte) མཆོག་གིས་ནོར་ཐི་ ཧེམ་ཊོན་ (Northampton) ནས་གྷི་རིན་ ཕིལ་ཌི་ (Greenfield) བར་ཐོག་མར་གོམ་བགྲོད་ཀྱི་ལས་འགུལ་དེ་འགོ་བཙུགས་ཀྱིས་ད་བར་མ་དངུལ་ཨ་སྒོར་ས་ཡ་བཞི་དང་འབུམ་གསུམ་ལྷག་བསྡུ་རུབ་ཐུབ་པ་བྱུང་འདུག 

འདི་ལོར་ས་གནས་བོད་མིའི་སྤྱི་ཚོགས་དང་། Food Bank བར་མཉམ་ལས་བྱས་པ་བརྒྱུད་བྱམས་བརྩེ་དང་། སྤྱི་ཚོགས་ཞབས་ཞུ་དང་ལྟ་སྐྱོང་སོགས་ཀྱི་རིན་ཐང་གོང་མཐོར་བཏང་ཡོད་པ་བཅས།