བོད་རྒྱལ་ལོ་༢༡༣༧ཕྱི་ལོ་༢༠༠༩ཟླ་༧ཚེས་༦ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་འཁྲུངས་སྐར་དུས་ཆེན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །དེ་རིང་འདིར་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ་ས་སྟེང་རྒྱལ་ བསྟན་ཡོངས་རྫོགས་ཀྱི་མངའ་བདག གངས་ལྗོངས་སྐྱེ་འགྲོ་ཀུན་གྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རང་རེའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྤྱི་འཐུས་ཀྱི་གཏམ་བཤད་གནང་བཞིན་པ། འཇིག་རྟེན་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་ གཟིགས་པ་ཆེན་པོ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་མཆོག་གི་སྐུའི་འཁྲུངས་སྐར་དུས་དྲན་ མཛད་སྒོ་ཚར་དུ་དངར་བ་སྐྱོང་བཞིན་པའི་སྐབས་འདིར་ཕེབས་བཞུགས་གནང་པའི་སྐྱབས་ གནས་དགེ་འདུན་གྱི་སྡེ་རྣམས་དང་། ཡབ་གཞིས་སྐུ་འཁོར་རྣམ་པ། བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པས་དབུས་ གཞུང་ཞབས་ལས་ཟུར་རྣམ་པ། ཕྱི་ནང་སྐུ་མགྲོན་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པ། འདིར་འདུས་སེར་སྐྱ་མང་ཚོགས་དང་། བརྩེ་བའི་སློབ་ཕྲུག་རྣམ་པ། ལྷག་པར་དུ་ཨོ་སི་ཌི་ལི་ཡ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམ་པ་དྲུག་དང་ནང་མི་ ལྷན་རྒྱས་་བཅས་ལ་ཕྲན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་ སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

མགོན་པོ་གང་ཉིད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་མངའ་ཁུལ་མདོ་སྨད་ས་ཡི་ཐིག་ལེ་སྟག་འཚེར་དུ་ཡབ་ཡུམ་རིགས་རུས་ཕུན་ སུམ་ཚོགས་པའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ལེགས་པར་སྐུ་བལྟམས། སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་ཀྱི་བོད་མི་ཡོངས་ཀྱི་མགོན་དཔུང་དམ་ པར་མངའ་གསོལ་བཀྲིན་ཆེ་བ་སྟེ། དེ་རིང་བཀྲིས་དགའ་བ་འབུམ་ལྡན་གྱི་ཉིན་མོ་འདིར་སྒོ་གསུམ་མི་ཕྱེད་དད་པས་འཚམས་ ཞུ་དང་སྦྲགས་མཁའ་མཉམ་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཏུ་གང་གིས་སྐྱོང་ཡུལ་ཆོས་ལྡན་ཞིང་གི་བོད་འབངས་ཉམ་ཐག་རྣམས་ཀྱི་མགོན་ དཔུང་དམ་པར་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་ཅིང་། མཛད་འཕྲིན་རྒྱ་ཆེར་སྐྱོང་བའི་གསོལ་འདེབས་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་ཡིན།

འཛམ་གླིང་ཡོངས་སུ་ལོ་ལྟར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ སྐུའི་འཁྲུངས་སྐར་དགའ་སྐྱིད་རོལ་བའི་ངང་སྲུང་བརྩི་ཞུ་བཞིན་ཡོད། ཡིན་ནའང་བོད་ནང་ཡ་ང་བའི་གནས་སྟངས་མུ་མཐུད་དེ་གནས་པར་བརྟེན། གཞིས་ལུས་བོད་མི་རྣམས་རྟེན་འབྲེལ་གྱི་དགའ་སྟོན་ལ་རོལ་རྒྱུ་བྲལ་ཞིང་། དེ་ལྟའི་རྣམ་འགྱུར་ཕྲ་མོ་ཙམ་ཡང་བསྟན་ཚེ་བཙོན་འཇུག་གི་ཉེས་པ་ཕོག་ངེས་ཡིན་པས་ གནད་དོན་འདི་ཙམ་གྱིས་ཀྱང་བོད་དང་བོད་མིའི་ཐོག་ཟློག་ཐབས་དཀའ་བའི་ནད་ཅིག་ཕོག་ ཡོད་པ་མཚོན་ཐུབ།

དེ་རིང་གི་ཉིན་མོ་འདིར་མི་ལོ་བཅུ་ཕྲག་བདུན་ལྷག་རིང་གི་༸གོང་ས་མཆོག་གི་ རླབས་ཆེན་མཛད་རྗེས་ལ་ཆེ་མཐོང་དང་བཀྲིན་རྗེས་དྲན་ཞུ་རྒྱུ་ཙམ་མ་ཟད། ཁོང་གི་དགོངས་གཞི་ལྟར་ང་རང་ཚོ་མི་རེ་ངོ་རེས་ལག་ལེན་ཐོག་ཇི་ཙམ་བསྐྱོད་ཐུབ་ ཡོད་མེད་ཀྱི་བསྐྱར་ཞིབ་བྱ་དགོས་པའང་ཆགས་ཡོད།

༸གོང་ས་མཆོག་གིས་བྱམས་བརྩེ་དང་། བཟོད་སེམས། ཀུན་ཁྱབ་འགན་ཁུར་བཅས་ཀྱི་བཀའ་སློབ་ལམ་སྟོན་ཐོག་ནས་འགྲོ་བ་མིའི་རིགས་ཀུན་ལ་ ཞི་བདེ་སྤེལ་བའི་ཐུགས་འགན་རླབས་པོ་ཆེ་བཞེས་དང་བཞེས་བཞིན་པ་དང་། ད་དུང་ཆོས་ལ་ཡིད་ཆེས་ཡོད་མེད་ཇི་ལྟར་ཡང་བཟང་སྤྱོད་ཀྱི་བསླབ་བྱ་ལས་འགྲོ་བ་ མི་སྤྱི་དང་། འཛམ་གླིང་ཁོར་ཡུག་དང་བཅས་པ་བཟང་ཕྱོགས་སུ་འགྱུར་ཐབས་ཀྱི་ཐུགས་འགན་ཆེས་ཆེེར་ བཞེས་ཀྱི་ཡོད་ཅིང་། གང་ཉིད་ཀྱི་གཞན་ཡིད་འགུགས་ནུས་ཀྱི་རྣམ་དཔྱོད་ལས་རྒྱལ་སྤྱིའི་ནང་མི་ཚོགས་ཧ་ ཅང་མང་པོའི་བསམ་བློ་བཟང་ཕྱོགས་སུ་བཅོས་ཐུབ་པ་བྱུང་ཡོད། ཁོང་གིས་ཐབས་ཤེས་ཟུང་སྦྲེལ་གྱི་ཐོག་ནས་ནང་ཆོས་དེ་དེང་སྐབས་ཀྱི་གནས་དུས་ འཚམས་པའི་དར་སྤེལ་རྒྱ་ཆེར་མཛད་བཞིན་ཡོད། དེང་གི་འཛམ་གླིང་ནང་འཕྲུལ་ཆས་དང་དཔལ་འབྱོར་ཇི་ཙམ་ཡར་རྒྱས་ཕྱིན་ཡོད་རུང་དེ་ དག་གིས་ནང་སེམས་ཀྱི་སྡུག་བསྔལ་སེལ་དཀའ་བས་ནང་ཆོས་ཀྱི་བསླབ་བྱའི་སྟེང་ནས་ འཛམ་གླིང་ནང་གི་དཀའ་རྙོག་དང་སེམས་ངལ་སེལ་བའི་ཐད་མཛད་རྗེས་ཆེན་པོ་འཇོག་གནང་ མཛད་ཡོད།

དེ་བཞིན་ཆོས་ལུགས་ནང་ཕན་ཚུན་འཆམ་མཐུན་ཡོང་ཐབས་སུ་འཛམ་གླིང་ཆོས་ལུགས་དབུ་ ཁྲིད་མང་དག་གི་ལྷན་དུ་རྒྱ་ཆེ་གུ་ཡངས་ཀྱི་བགྲོ་གླེང་མཛད་དེ་དྭོགས་པ་དང་འགལ་ བ་སེལ་ཐབས་ཀྱི་ཐུགས་འགན་བསྐྱེད་བཞེས་མཛད་བཞིན་ཡོད། ང་ཚོའི་ངོས་ནས་ཀྱང་༸གོང་ས་མཆོག་གི་དགོངས་གཞི་ལྟར་རང་གིས་ཉམས་ལེན་དང་ཆོས་ ལུགས་ཚང་མར་མཐུན་སྒྲིལ་ཐུབ་ཐབས་ལ་འབད་དགོས། སྤྱིར་བཏང་བོད་རང་བཙན་ཤོར་བས་བོད་མི་ཚོར་གོད་ཆག་དང་སྡུག་བསྔལ་ཚད་མེད་མྱང་ དགོས་བྱུང་ཡོད་རུང་འཛམ་གླིང་མི་མང་སྤྱི་ལ་༸གོང་ས་མཆོག་ཡུལ་གྱར་དུ་ཕེབས་པ་ དེས་ཁེ་ཕན་ཆེན་པོ་ཐོབ་ཡོད།

༸གོང་ས་མཆོག་གི་བབ་ལྷིང་བརྟན་གསུམ་གྱི་དབུ་ཁྲིད་བཟང་པོའི་འོག་གང་གི་ ཕུགས་རྒྱང་རིང་པོའི་ཐུགས་དགོངས་ཟབ་མོ་དང་དངོས་ཡོད་གནས་སྟངས་ལ་བསྟུན་པའི་ མཛད་འཕྲིན་ཁག་ལས་བོད་དོན་གནས་སྟངས་གཉན་འཕྲང་འདི་ལྟ་བུའི་འོག་ཏུའང་ང་རང་ ཚོའི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། བོད་པའི་ཆོས་དང་། རིག་གཞུང་སོགས་ངོ་བོ་མ་བརླག་པར་གོང་འཕེལ་གཏོང་ཐུབ་པ་བྱུང་ཡོད།

རྒྱ་ནག་འགོ་ཁྲིད་ཚོའི་མཁྲེགས་བཟུང་གི་བསམ་བློའི་འོག་བོད་རྒྱ་འབྲེལ་མོལ་ ལ་རེ་བ་བརྒྱབ་པ་བཞིན་ཆབ་སྲིད་ཀྱི་གྲུབ་འབྲས་ཐོན་མེད་ནའང་རྒྱལ་སྤྱིའི་སྤྱི་ ཚོགས་དང་། རྒྱ་ནག་གི་མཁས་དབང་དང་མི་མང་བཅས་ཀྱིས་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ དངོས་ཡོད་གནས་སྟངས་ལ་གཞི་བཅོལ་བའི་ཐབས་ལམ་དེ་ར་འཕྲོད་བྱུང་སྟེ་རྒྱབ་སྐྱོར་ ཡོང་བཞིན་ཡོད། རིང་པོར་མ་ཐོགས་པར་རྒྱ་ནག་གི་མངའ་དབང་གཅིག་གྱུར་དང་མི་རིགས་ཁག་གི་ཁེ་ཕན་ སྲུང་སྐྱོབ་ཡོང་བ། རྒྱ་ནག་དེ་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཏུ་བསྐྲུན་རྒྱུ་བཅས་རྒྱ་ནག་གི་འགོ་ ཁྲིད་ཚོས་ཚོར་ཤེས་ཡོང་ངེས་ཡིན། དོན་དངོས་ཐོག་ནས་བོད་དོན་གྱི་དཀའ་རྙོག་དེ་མུ་མཐུད་གནས་ཡོད་པ་སེལ་ཐབས་དགོས་ པ་ལས་སྣང་མེད་དུ་འཇོག་ཐབས་མེད་པར་གྱུར་ཡོད་པ་དེ་ཡང་༸གོང་ས་མཆོག་གི་དབུ་ ཁྲིད་ལ་བརྟེན་ནས་བྱུང་ཡོད། བཙན་བྱོལ་དུ་གནས་པའི་རིང་ཁྱོན་ཡོངས་ནས་ཡར་རྒྱས་ཚད་དང་ལྡན་པ་བྱུང་ཡོད། ལྷག་པར་དུ་རང་རེའི་འཐབ་རྩོད་རྒྱུན་བསྲིངས་ཐུབ་པའི་ཆེད་མང་གཙོའི་ལམ་བཟང་གི་ རྨང་གཞི་འཛུགས་ཐུབ་པ་བྱུང་ཡོད།

དེ་རིང་གི་ཉིན་མོ་འདི་ཐོག་ནས་༸གོང་ས་མཆོག་གི་རླབས་ཆེན་གྱི་དབུ་ཁྲིད་འོག་ ཁོང་གི་དགོངས་གཞི་དང་མཐུན་པར། ང་ཚོའི་ངོས་ནས་ཀྱང་སོ་སོའི་རྒྱལ་ཁབ་དང་འཛམ་གླིང་ལ་འགན་ཁུར་ཐོག་དྲན་གསོ་བྱ་ དགོས་པ་ཡིན།

གཞིས་ལུས་བོད་མི་རྣམས་ཀྱིས་རྒྱའི་བཙན་གནོན་འོག་དཀའ་སྡུག་ཚད་མེད་ངང་ལུས་ སྲོག་ལོངས་སྤྱོད་བློས་བཏང་གནང་བར་རྗེས་དྲན་དང་འབྲེལ། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་སླར་ཡང་ཆོད་སེམས་བརྟན་པོའི་ཐོག་ནས་གཞིས་ ལུས་བོད་མིའི་མགྲིན་ཚབ་པ་བྱ་ཐུབ་པ་དགོས་རྒྱུ་དང་། གཞིས་ལུས་རྒྱ་ཆེའི་མི་མང་གིས་ཉག་ཕྲ་བའི་གནས་སྟངས་འོག་ལྷག་བསམ་ཞུམ་མེད་ཀྱི་ བོད་མི་རིགས་ཀྱི་སྙིང་སྟོབས་དེ་གང་གིས་ཀྱང་བཏུལ་མི་ཐུབ་པའི་ཁུངས་སྐྱེལ་གསལ་ པོ་བྱས་ཡོད། གཞིས་ལུས་བོད་མི་རྣམས་ཀྱི་ལས་འགུལ་འཚེ་བ་མེད་པའི་ཐབས་ལམ་ཉག་གཅིག་ལ་བརྟེན་པ་ ལྟར་ད་དུང་དུས་ནམ་ཡང་འཚེ་མེད་ཞི་བའི་རྒྱ་ལས་མི་འགལ་བར་ང་ཚོའི་ལས་འགུལ་གྱི་ ཆ་ཙམ་ཡང་རྒྱའི་ལག་ཆར་མི་འགྲོ་བ་གནང་དགོས་འབོད་བསྐུལ་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་མཆོག་གི་དབུ་ཁྲིད་འོག་བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་ དུས་ཚོད་ཅིག་ཡོང་རྒྱུ་ཡིན་པ་གདོན་མི་ཟ། ང་ཚོའི་རྩ་དོན་ནི་བོད་ལ་ལོག་རྒྱུ་དང་། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པར་སོང་བཙན་བྱོལ་དུ་ཡོད་པའི་ བོད་མི་ཚོར་ལས་འགུལ་མདུན་བསྐྱོད་བྱ་དགོས་པའི་ལས་འགན་འཕར་མ་ཞིག་ཡོད། དེའི་ཆེད་དུ་ང་ཚོ་ཚང་མས་བོད་དོན་དང་འབྲེལ་བའི་གནས་ཚུལ་རྣམས་ཤེས་གལ་ཤིན་ཏུ་ ཆེན་པོ་དང་། བོད་མི་ཡོད་དོ་ཅོག་གིས་ཆབ་སྲིད་ཀྱི་གོ་རྟོགས་ཚད་ལྡན་ཡོད་དགོས་པ་མ་ཟད་རང་ ནུས་གང་ཡོད་ཀྱི་ཞབས་འདེགས་ཞུ་རྒྱུ་གལ་ཆེ་ཡིན། ང་རང་ཚོའི་དཔལ་འབྱོར་རང་ཁ་རང་གསོ་ཡོང་ཐབས་དང་། སྤྱི་ཚོགས་སྲ་བརྟན། མ་འོངས་མི་རབས་ཚོའི་འཕྲོད་བསྟེན་དང་། ཤེས་ཡོན་ཚད་ལྡན་སྤྲོད་རྒྱུ་བཅས་ལ་གཞུང་མང་གཉིས་ཀྱི་འགན་མཉམ་ཁུར་ཞུ་དགོས་པ་ ཡིན། མི་མང་ངོས་ནས་མང་གཙོའི་ལས་རིམ་ཚང་མའི་ཐོག་མཉམ་ཞུགས་གནང་སྟེ་ཉམས་མྱོང་ཇེ་ ཕྱུག་ཏུ་གཏོང་རྒྱུ་དང་། མང་གཙོའི་ནུས་ཤུགས་ཆེ་རུ་བཏང་བའི་ཐོག་ནས་༸གོང་ས་མཆོག་གི་དགོངས་གཞི་གཞིར་ བཟུང་མ་འོངས་འཐབ་རྩོད་ཀྱི་རྨང་གཞི་བརྟན་པོ་བཟོ་རྒྱུར་འབད་དགོས།

ང་ཚོ་ཚང་མས་ཡུལ་ཁྲིམས་ལ་སྲུང་བརྩི་དགོས་ཤིང་། བོད་མི་རེ་ཟུང་གི་སྤྱོད་ཚུལ་ལས་བོད་མི་སྤྱིའི་ཞབས་འདྲེན་དུ་འགྲོ་གཞིའི་ རིགས་ནམ་ཡང་བྱ་མི་རུང་། ང་ཚོས་གནས་ཡུལ་གཞུང་མང་དང་འབྲེལ་ལམ་བཟང་ཕྱོགས་སུ་འགྲོ་བའི་བྱ་ཐབས་ལ་འབད་ དགོས། ༸གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་ནི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་མང་ ཚོགས་འདུ་འཛོམས་བྱ་རྒྱུའི་གོ་སྐབས་ཉུང་ཤས་ཡོད་པའི་ནང་ནས་གཅིག་ཡིན་ཞིང་། ད་ལྟའི་ཆར་ཡུལ་ལུང་གསར་པའི་ནང་སྒེར་སོ་སོར་ཡང་འཚོ་ཐབས་ཀྱི་དཀའ་ངལ་ཡོད་རུང་ རྒྱུན་དུ་ནས་བོད་མི་ཞིག་ཡིན་པའི་ཆ་ནས་རྩ་དོན་གྱི་འགན་ཁུར་ལ་ཐུགས་སྣང་གནང་ གལ་ཆེ། བོད་རིགས་གནས་ཡུལ་ས་གནས་སོ་སོའི་ནང་གི་བོད་རིགས་ཚོགས་པ་ཁག་ཚགས་ཚུད་དང་ནུས་ ཤུགས་ཆེ་རུ་གཏོང་བ་དང་འབྲེལ་གཞོན་སྐྱེས་ཚོར་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ བཞིན་བཟང་སྤྱོད་དང་། བོད་པའི་སྐད་ཡིག རིག་གཞུང་། ཆོས་བཅས་པའི་སློབ་གསོའི་ལས་འགུལ་སྤེལ་རྒྱུར་ཤུགས་སྣོན་སྐྱོན་དགོས།

གཞན་ཡང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚོགས་པ་ཚོས་སོ་སོའི་འཚོ་གནས་དྲག་ ཙམ་ཕྱིན་རྗེས་རྒྱ་བལ་འབྲུག་གསུམ་ནང་གཞིས་ཆགས་སྐྱོ་བ་ཁག་ལ་རོགས་སྐྱོར་དང་། བོད་ནང་འཕྲོད་བསྟེན་དང་ཤེས་ཡོན་སོགས་དང་འབྲེལ་བའི་ལས་འཆར་ཁག་ལ་རོགས་སྐྱོར་ ཐུབ་པ་གནང་དགོས་ཤིང་། ལར་ནས་མ་འོངས་པར་བོད་མི་ཚོར་ཆབ་སྲིད་ཀྱི་རང་དབང་ཇི་ཙམ་ཐོབ་ཀྱང་བོད་མིའི་ ཤེས་ཡོན་གནས་ཚད་དང་དཔལ་འབྱོར་གནས་སྟངས་སྐྱོ་པོར་གྱུར་ཚེ་གཞན་གྱི་བྲན་གཡོག་ ཏུ་ཚུད་རྒྱུ་ཡིན་པར་གདོན་མི་ཟ་བས་དེ་ལུགས་ཚང་མས་ཡིད་གཟབ་གནང་དགོས།

དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་ཞུ་རྒྱུར། ཁྱེད་རྣམ་པས་ད་ལྟའི་འཁྲུལ་སྣང་གི་བསམ་བློ་ནས་ཕྱིར་དོན་ཏེ་དངོས་ཡོད་གནས་ སྟངས་གཞིར་བཞག་གིས་བོད་དོན་དཀའ་རྙོག་ཞི་བའི་ཐོག་སེལ་བ་བརྒྱུད་ནས་རྒྱ་ནག་ཙམ་ མ་ཡིན་པར་འཛམ་གླིང་ཕྱེད་ཀྱི་ས་ཁུལ་ནང་ཞི་བདེ་དང་། བརྟན་ལྷིང་། འཆམ་མཐུན་ཡོང་རྒྱུར་ནན་བསྐུལ་བྱེད་ཀྱི་ཡོད། རྒྱ་ནག་འགོ་ཁྲིད་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་ ཕན་ཚུན་གཉིས་སྨན་གྱི་དགོངས་གཞི་རླབས་ཆེན་ལྡན་པའི་སྐྱེས་བུ་གཅིག་ཡོང་རྒྱུ་ མེད་པ་དེ་གསལ་པོ་ཤེས་པའི་ཐོག ད་ལྟའི་གོ་སྐབས་འདི་དམ་འཛིན་མ་ཐུབ་པ་ཡིན་ཚེ་མ་འོངས་རྒྱ་ནག་གི་མི་རབས་གསར་པ་ རྣམས་ཀྱིས་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོས་འགན་ཁུར་ཐུབ་མེད་པའི་ལོ་རྒྱུས་ ཀྱི་ཉེས་འགན་སྤངས་རྒྱུར་ངེས་པས་དེའི་འགན་ཁྱེད་ཚོས་འཁྱེར་དགོས། ད་ལྟའི་རྒྱ་ནག་འགོ་ཁྲིད་ཚོ་དཔལ་འབྱོར་དང་། དམག་དཔུང་གི་སྟོབས་ཤུགས་ཀྱི་འཁྲུལ་སྣང་ནང་མགོ་འཁོར་བ་ལས། རྒྱལ་ཁབ་ཀྱི་ཆེ་མཐོང་ངོ་མ་དེ་བཟང་སྤྱོད་ཀྱི་ལམ་ནས་མ་གཏོགས་ཐོབ་ཐབས་མེད་པ་ དེ་གསལ་པོ་ངོས་འཛིན་གནང་ཐུབ་ཀྱི་མི་འདུག དེས་ན་རྒྱ་ནག་ནང་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་དང་། བོད་དང་གྲངས་ཉུང་མི་རིགས་གཞན་གྱི་མངོན་འདོད་དང་དཀའ་རྙོག་རྣམས་ཞི་བའི་ལམ་ནས་ སེལ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་བཅས།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་སྲིད་མཐར་བརྟན་པ་ དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་རྒྱལ་ལོ་ ༢༡༣༦ ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ ལ།།