བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་ཉི་འོང་ས་གནས་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ པའི་ཚེས་ ༡ ཉིན་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དེ་བཞིན་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཤི་ཡའི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་བཅས་ཀྱིས་ས་གནས་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་འདུག

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འབྱུང་རིམ་དང་། གལ་གནད་སྐོར་གསུངས་པ་དང་འབྲེལ། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་འཛིན་སྐྱོང་བཀའ་ཤག་གི་ཐབས་བྱུས་ཇི་ལྟར་ལག་བསྟར་གནང་མིན་སྐོར་དང་། ལྷག་པར་དུ་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་ཐ་སྙད་བེད་སྤྱོད་ཚད་ལྡན་གཏོང་རྒྱུའི་གལ་གནད་དང་། དེས་བོད་ཀྱི་རྩ་དོན་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་ནུས་པ་ཇི་ལྟར་ཡོད་པའི་སྐོར། ཨ་རིའི་གྲོས་ཚོགས་སུ་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཀྱི་སྐོར་དང་། ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པའི་གནས་བབ། ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་སྐབས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ (Congressional Executive Commission on China) མདུན་དུ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་བསྐྱངས་སྐབས། སློབ་དཔོན་མེ་ཀལ་ཝན་ཝལ་ཊ་པཱ་རག་ (Prof. Michael Van Walt Praag) ལགས་དང་། རྒྱ་རིགས་ལོ་རྒྱུས་སློབ་དཔོན་ཆེན་མོ་སྐུ་ཞབས་ལིག་ ཧན་ ཧྲེང་ (Hon-Shiang Lau) ལགས་རྣམ་གཉིས་ནས་ཟུར་གནས་ཐོག་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་གནང་འབྲས་སུ། ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པའི་དཔང་རྟགས་ཁུངས་སྐྱེལ་གནང་ཡོད་པའི་སྐོར་སོགས་གསུངས་འདུག


དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱི་ལོ་ ༡༩༩༤ ལོར་བསྐོང་ཚོགས་གནང་བ་ནས་བཟུང་ད་བར་གྱི་འབྱུང་རིམ་སྐོར་ལ་ངོ་སྤྲོད་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གྱི་དམིགས་ཡུལ་ནི་ཚོགས་བཅར་བ་གྲོས་ཚོགས་འཐུས་མི་རྣམ་པས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་མིའི་ངོ་བོ་དང་། འཛམ་གླིང་ཞི་བདེའི་ཐོག་ཞབས་འདེགས་ཞུ་ཐུབ་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བཅས་སྲུང་སྐྱོབ་ཐོག་ལ་འགན་ཁུར་ཆེ་བཞེས་གནང་རྒྱུར་ནུས་པ་འདོན་སྤེལ་ཐུབ་པ་སོགས་ཀྱི་ཆེད་དུ་ཡིན་པ་སོགས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐོར་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་དང་། རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་སྐོར། གཞོན་སྐྱེས་རྣམ་པས་བོད་ཀྱི་རྩ་དོན་ཐོག་ཆ་ཤས་གང་མང་ལེན་དགོས་པའི་སྐུལ་མ་དང་འབྲེལ་ཚང་མས་བོད་དོན་ཐོག་ནུས་པ་མཉམ་སྤུངས་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་འདུག

དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚང་མས་སོ་སོ་བོད་མི་ཞིག་ཡིན་པའི་འགན་འཁྲི་ཁུར་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་པའི་བོད་མི་ཚོས་གང་ཐུབ་ཀྱིས་རང་གི་ཕྲུ་གུ་ཚོར་བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས། རིག་གཞུང་། བོད་དོན་སྐོར་ངོ་སྤྲོད་སོགས་གནང་རྒྱུ་གལ་ཆེན་པོ་ཡིན་པ། ས་གནས་བོད་མི་རྣམས་ཀྱིས་ཊོཀ་ཡོར་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་མཐུན་འགྱུར་རམ་འདེགས་ཞུ་དགོས་སྐོར། དེ་བཞིན་སོ་སོའི་ཕྱི་རྒྱལ་གྲོགས་པོ་ངོ་ཤེས་སོགས་ལ་བོད་རྒྱའི་རྩོད་རྙོག་སྐོར་ངོ་སྤྲོད་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཤི་ཡའི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས། བོད་ཀྱི་རྩ་དོན་གྱི་ནུས་པ་མི་ཉམས་པར་གནས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། བོད་དོན་ལས་འགུལ་གང་མང་སྤེལ་ནས་རྩ་དོན་གྱི་ནུས་པ་གོང་མཐོར་གཏོང་དགོས་པ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་ལམ་སྟོན་འོག མི་རབས་རྒན་པ་རྣམ་པས་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་མང་གཙོའི་སྒྲིག་འཛུགས་གསར་འཛུགས་ཀྱིས་བོད་མིའི་བདེན་དོན་འཐབ་རྩོད་སྣེ་ཁྲིད་གནང་ཡོད་པའི་སྐོར་དང་། མི་རབས་གཞོན་པ་རྣམས་ནས་བོད་དོན་བདེན་མཐའ་མ་གསལ་བར་མུ་མཐུད་བོད་ཀྱི་རྩ་དོན་འཐབ་རྩོད་རྒྱུན་འཁྱོངས་གནང་དགོས་སྐོར་སོགས་གསུངས་འདུག

སྐབས་དེར་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། ཉི་འོང་སྐུ་ཚབ་དོན་གཅོད་ཟུར་པ་པདྨ་རྒྱལ་པོ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམས་ཕེབས་གནང་ཡོད་འདུག་པ་བཅས།