བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༨ ཉིན་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག དེ་བཞིན་འཇར་མན་གྲོས་ཚོགས་འཐུས་མི་མེ་ཀལ་བྷ་རན་ཌི་ (Michael Brand) མཆོག་དང་། འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་ཁུར་བ་ཀཱ་ཡེ་མུ་ལར (Kai Muller) ལགས། མེ་ཀལ་ (Michael Gutsche) ལགས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་དང་སྲི་ཞུའི་ལས་བྱེད་རྣམ་པ་མཉམ་ཞུགས་གནང་ཡོད།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། འདི་ལོའི་རྒྱལ་སྤྱིའི་བུད་མེད་ཉིན་མོའི་བརྗོད་གཞི་ནི་ “བུད་མེད་ནུས་སྟོབས་གོང་མཐོར་བཏང་སྟེ། ཕོ་མོ་དབྱེར་མེད་ཀྱི་སྤྱི་ཚོགས་ཕྱོགས་སུ་གོམ་པ་མདུན་སྤོ།” (Invest in Women: Accelerate progress) ཞེས་པ་འདི་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་བར་ཕོ་མོ་གཉིས་ཀའི་ལས་འགན་ཡོད་པ་དང་། བུད་མེད་རྣམས་ནུས་པ་དང་ལྡན་ན་རང་གི་ཁྱིམ་ཚང་ཙམ་མ་ཟད་སྤྱི་ཚོགས་དང་རྒྱལ་ཁབ་ལའང་ཕན་གྱི་ཡོད་པ་རེད། འདི་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁྱབ་པ་དང་། ལྷག་པར་དུ་འཛམ་གླིང་འདིའི་ནང་ལུང་པ་སྐྱོ་པོའི་ནང་བུད་མེད་རྣམས་ལ་ད་ལྟའི་དུས་ཚོད་ལའང་ཐོབ་ཐང་ཚད་ལྡན་རག་གི་མེད་པའི་གནས་སྟངས་མང་པོ་ཞིག་དང་སྦྲགས་ནས་ཡོང་གི་ཡོད་པ་རེད།

ང་ཚོ་བོད་པའི་སྤྱི་ཚོགས་ལ་ཆ་མཚོན་ན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཕོ་མོ་ཚང་མར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་དང་ཕྱག་ལས་གནང་ཕྱོགས་ཐད་ལ་དབྱེ་བ་མེད་པ་ཡིན།

དེར་བརྟེན་སྤྱི་ཚོགས་ཀྱི་གནས་རིམ་འདྲ་མིན་ནས་ཡོང་བའི་བུད་མེད་ཚོས་སྤྱི་ཚོགས་ལ་ཞབས་འདེགས་གལ་ཆེན་སྒྲུབ་ཀྱི་ཡོད་པར་དགའ་བསུ་ཞུ་རྒྱུ་ཡིན། དཔེར་ན། རྒྱན་ཆ་བཙོང་རྒྱུ་དང་། ཁྱིམ་ཚང་གི་རྒན་རྒོན་ལ་ལྟ་སྐྱོང་བྱ་རྒྱུ། འགོ་ཁྲིད་ཀྱི་ལས་འགན་འཁུར་བ་སོགས་ཡིན་སྐོར་གསུངས་སོང་།

ཚོགས་གཙོ་གཞོན་པས་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་དུ་གཏོང་བའི་ལས་གཞི་དེ་ནི་བུ་མོ་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་བུད་མེད་ཀྱི་ནུས་སྟོབས་ངོས་འཛིན་དང་གདེང་ཚོད་སྤེལ་རྒྱུའི་ཐོག་ནས་འགོ་འཛུགས་དགོས་པ་དང་། བུ་མོ་ཚོ་བུད་མེད་ཀྱི་གནས་བབ་ལ་སླེབ་སྐབས་སེམས་ཁམས་ཀྱི་འགྱུར་བ་སྣ་ཚོགས་ཤིག་ཡོང་གི་ཡོད་དུས། ཕ་མ་དང་དགེ་རྒན་རྣམས་པས་བུ་མོའི་ནུས་སྟོབས་ངོས་འཛིན་དང་གདེང་ཚོད་སྤེལ་རྒྱུ་ནི་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བའི་གལ་ཆེའི་ཆ་རྐྱེན་ཡིན་པ་ཤེས་རྟོགས་དང་རྒྱབ་སྐྱོར་བྱེད་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་། དམིགས་བསལ་གྱིས་ཕྲུ་གུ་བུ་དང་སྐྱེས་པ་ཕ་ཚོར་བུད་མེད་དང་འབྲེལ་བའི་སྐོར་སློབ་སྦྱོང་དང་ལམ་སྟོན་གནང་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་གནད་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་བཞིན་བུད་མེད་ལ་འཚེ་བའི་བྱ་སྤྱོད་འགོག་ཐབས་སུ་ད་ལྟ་ཡིན་ནའང་སྐྱེས་པ་ཕོ་ལ་སློབ་སྦྱོང་སྤྲོད་དགོས་པ་མང་པོ་ཞིག་ཆགས་ཀྱི་འདུག ཉེ་ཆར་བཙན་གཡེམ་གྱི་ཐབས་ཤེས་བྱས་པའི་གནས་ཚུལ་དེ་འདྲ་ཐོན་ཡོང་གི་འདུག དེ་དག་ནི་དངོས་འབྲེལ་ཐབས་སྐྱོ་པོ་རེད། གནད་དོན་འདི་རིགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་སྔ་ནས། ”བཟོད་སྲན་ཀླད་ཀོར།” (Zero Tolerance) ཡིན་ཞེས་གསུངས་ཡོད། ད་ལྟ་ཡིན་ནའང་བཙན་གཡེམ་དང་བཙན་གཡེམ་གྱི་ཐབས་ཤེས་བྱས་པའི་བྱ་སྤྱོད་གང་འདྲ་ཞིག་བྱུང་ནའང་ཡུལ་ཁྲིམས་རང་ལ་གཏུགས་ན་མ་གཏོགས་དེ་དག་སྦས་སྐུང་བྱས་ན་རྩ་བ་ཉིད་ནས་འགྲིག་ཐབས་མེད་སྐོར་གསུངས་གནང་ཡོད་པ་བཅས།