བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༥ ཧྲིལ་པོ་འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

 

༄༅། །བོད་མིའི་མང་གཙོ་དབུ་བརྙེས་ནས་དེ་རིང་མི་ལོ་ ༦༥ ཧྲིལ་པོ་འཁོར་བའི་དུས་ཆེན་ཁྱད་འཕགས་ཅན་དང་། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་དང་འབྲེལ་བྱམས་དང་བརྩེ་བའི་བདག་ཉིད་འཇིག་རྟེེན་གྱི་སྐྱེ་འགྲོ་སྤྱི་དང་སྒོས་སུ་གངས་ཅན་པ་ཡོངས་ཀྱི་མགོན་པོ་གང་གི་བཀའ་དྲིན་རྗེས་སུ་དྲན་ཅིང་། བོད་དང་བོད་མིའི་ཆེད་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་གསོལ་རས་གནང་བར་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་ཕྱག་དང་བཅས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

མང་གཙོའི་རིང་ལུགས་ནི་བཙན་གཉོམ་དང་། དབུལ་ཕྱུག ཕོ་མོ། རིགས་རུས་སོགས་མཆོག་དམན་གྱི་དབྱེ་བ་མེད་པར་བྱས་ནསཐུན་མོང་ལ་ལྟ་བའི་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། འཛམ་གླིང་ནང་རྒྱལ་ཁབ་མང་པོའི་མང་གཙོའི་བྱུང་རིམ་གྱི་ལོ་རྒྱུས་ནང་མང་ཚོགས་ཀྱི་བློས་གཏོང་མང་པོ་བྱ་དགོས་བྱུང་ཡོད་ཀྱང་། བོད་མིའི་མང་གཙོ་ནི་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ཐུགས་བརྩེ་བ་ཆེན་པོས་བོད་མི་རྣམས་ལ་རིན་ཐང་བྲལ་བའི་མང་གཙོའི་ལམ་ལུགས་ཡང་དག་པ་འདི་ཉིད་གསོལ་རས་གནང་བ་ཞིག་ཆགས་ཡོད།

དེ་ཡང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱེད་འགོ་བཙུགས་ཤིང་བོད་ཀྱི་ཆབ་སྲིད་གནས་སྟངས་ཛ་དྲག་གཉན་འཕྲང་ཅན་དུ་གྱུར་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐབས་དེ་དུས་དགུང་གྲངས་བཅུ་དྲུག་ལས་སོན་མེད་ཀྱང་། ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་དགོས་བྱུང་ཞིང་། དེ་འཕྲལ་བོད་ཀྱི་ལམ་ལུགས་ལ་དུས་བསྟུན་བསྒྱུར་བཅོས་མཛད་ཆེད་ཕྱི་ལོ་ ༡༩༥ ལོར་ལེགས་བཅོས་ལས་ཁུངས་དང་། ཕྱི་ལོ་ ༡༩༥༦ ལོར་མི་མང་དཀྱུས་མའི་རིགས་ཀྱི་བདེ་སྡུག་ཞིབ་དཔྱོད་ཞུ་ས་གྱོད་ཞིབ་ལས་ཁུངས་བཅས་གསར་བཙུགས་ཀྱིས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་བདེ་ཐབས་མཛད་ཡོད་ཀྱང་། རྒྱ་དམར་གཞུང་གི་དྲག་པོའི་དམག་དཔུང་གིས་ཉིན་རེ་བཞིན་གདུག་རྩུབ་ཇེ་ཆེར་གྱིས་མཐར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡ ཉིན་གྱི་མཚན་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་བཅས་པ་རེ་ཞིག་བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་བཙན་བྱོལ་ལ་ཆིབས་བསྒྱུར་གནང་དགོས་བྱུང་

བཙན་བྱོལ་དུ་༸ཞབས་སོར་འཁོད་མ་ཐག་ཏུ་རང་རེའི་ཕྱིས་འབྱུང་བོད་གཞུང་གི་ལས་དོན་སྒྲུབ་ཕྱོགས་དེང་དུས་དང་མཐུན་པའི་བསྐྱར་བཟོ་གནང་རྒྱུའི་ཐུགས་འགན་ཆེ་བཞེས་མཛད་ཅིང་། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་འཐུས་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཚུལ་བཞིན་ཞུ་རྒྱུའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་པའི་སྐབས་སུ། “བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན་རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འཇོན་ཐང་དང་། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས།” ཞེས་བཀའ་སློབ་ཕེབས་དགོངས་བཞིན། སྐབས་དང་པོའི་བོད་མི་མང་སྤྱི་འཐུས་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་རྟགས་བསྐོ་གཞག་བསྩལ་དོན་བཞིན་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་ཁུར་དམ་འབུལ་ཞུས་པ་ནས་བཟུང་བོད་མིའི་མང་གཙོ་ཐོག་མར་དབུ་བརྙེས། དེ་བཞིན་༸གོང་ས་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་དགོངས་པ་ཆེ་བཞེས་ཀྱིས་བོད་མིའི་རིག་གཞུང་གོམ་སྲོལ་དང་། དེང་རབས་ཀྱི་ལེགས་ཆ་རྣམས་ཕྱོགས་བསྡོམས་ཀྱིས་རླབས་ཆེན་གྱི་ལམ་སྟོན་ཟབ་མོ་རིམ་ཕེབས་འོག་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་རང་བཞིན་རང་དབང་དང་། འདྲ་མཉམདྲང་བདེན། འཚེ་མེད་ཞི་བ་བཅས་ཀྱི་གཞི་རྩ་ལྡན་པའི་ཡང་དག་པའི་མང་གཙོའི་ལམ་སྲོལ་བཟང་པོ་འདིསྲོལ་གཏོད་གནང་ཡོད།

དེ་རྗེས་ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང༌། ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང༌། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཉིད་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར། སྤྱི་འཐུས་སྐབས་བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་ནས། བཙན་བྱོལ་བོད་གཞུང་འདི་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་ཀྱི་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད་ཅིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ཀྱང་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་ཁག་གཞི་རྩར་བཟུང་སྟེ་ཁྲིམས་ལུགས་ཀྱིས་དབང་བསྒྱུར་བའི་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད།

དེ་ནས་ཕྱི་ལོ་ ༢༠༠༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་བསྐོ་གནང་བ་དང་། ཕྱི་ལོ་ ༢༠༡༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ས་གཞུང་ས་དགའ་ལྡན་ཕོ་བྲང་གིས་བོད་སྤྱིའི་ཆབ་སྲིད་ཀྱི་མངའ་དབང་ལོ་བཞི་བརྒྱར་ཉེ་བའི་རིང་བསྐྱངས་པའི་ཆབ་སྲིད་ཀྱི་འགན་དབང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་བསྩལ་ཏེ། དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་པ་ལྡན་པ་ཞིག་ཏུ་བསྒྱུར་གནང་མཛད་དེ་མང་གཙོའི་ལམ་ལུགས་ཐོག་ཤར་སྐྱོད་དང་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་ཞུས་དང་ཞུ་བཞིན་པ་ནི་དགའ་སྤོབས་འོས་པ་ཞིག་ཏུ་གྱུར་ཡོད

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་སྲོལ་དར་ཞིང་རྒྱས་པ་འདི་འདྲ་བ་ཞིག་བྱིན་གྱིས་རླབས་པ་ཙམ་དུ་མ་ཟད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་བརླག་ཏུ་མི་འགྲོ་བར་གསོན་པོར་གནས་ཐུབ་པ་བྱུང་ཞིང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་གནོན་ཤུགས་དང་དྲིལ་བསྒྲགས་ལོག་པ་སྤེལ་མུས་ཀྱང་དེར་ལྟོས་མེད་ཀྱིས་རྒྱལ་ཁབ་མང་པོའི་གཞུང་དང་གྲོས་ཚོགས་སོགས་ནས་བོད་དང་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བ་བཅས་ནི་༸རྒྱལ་དབང་མཆོག་གི་མཛད་འཕྲིན་དང་སྐུ་དྲིན་ཉག་གཅིག་ཆགས་ཡོད། སླད་མར་ཡང་འཕགས་ཡུལ་རྡ་རམ་ས་ལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་མང་གཙོའིཆ་ལག་ཡོངས་སུ་ཚང་བ་འདི་ཉིད་ཀྱིས་འཛམ་གླིང་ནང་བོད་དང་བོད་མིར་དོ་སྣང་དང་རྒྱབ་སྐྱོར་ཐོབ་པ་དང་། ཕ་ཡུལ་བོད་ནང་ལ་རྒྱུན་དུ་སེམས་ཁུར་གྱིས་གཞིས་བྱེས་མཉམ་འཛོམས་ཡོང་བའི་རེ་བ་བྱེད་བཞིན་ཡོད།

རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་རྩ་བརླག་ཏུ་གཏོང་བ་སོགས་ཀྱི་སྲིད་བྱུས་ངན་པ་བཤམ་རྒྱུ་མཚམས་འཇོག་བྱ་རྒྱུ་ཕརཞོག ད་དུང་སྲིད་བྱུས་ཇེ་ངན་ཇེ་སྡུག་ཏུ་གཏོང་མུས་ཡིན། ༧གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་འདི་ཉིད་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་པའི་ལམ་སྟོན་འདས་ལོ་བཅུ་ཕྲག་མང་པོའི་རིང་གནང་ཡོད་ནའང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་རྣ་བར་མི་འཇེབས་པ་དང་། བཙན་དབང་འོག་ཏུ་འཛིན་པའིབོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ལ་རྒྱུན་དུ་སུན་གཙེར་དང་འགྲོ་འདུག་སྤྱོད་གསུམ་གྱི་ཐོག་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་ད་དུང་ཡང་མཚམས་འཇོག་བྱས་མེད། འོན་ཀྱང་གཞིས་བཞུགས་བོད་མི་རྣམས་ཀྱིས་མི་རིགས་ཀྱི་ལ་རྒྱ་འགྱུར་མེད་བརྟན་བཟུང་གནང་བཞིན་ཡོད་པས་རང་རེ་བྱེས་འཁོད་བོད་མི་རྣམས་ལ་སེམས་ཤུགས་དང་སྙིང་སྟོབས་འཕར་མ་སྐྱེད་གཞི་ཞིག་ཏུ་གྱུར་ཡོད།

ཕྱི་ལོ་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བས། དེ་བསྟུན་དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོ་དང་། དངོས་གཞིའི་འོས་བསྡུའི་དུས་ཚེས་སོགས་ཀྱི་ལས་རིམ་ཞིབ་ཕྲ་རིམ་པས་ཡོང་རྒྱུར་སོང་། འོས་བསྡུའི་ནང་ཆ་ཤས་བཞེས་མཁན་བཙན་བྱོལ་བོད་མི་ཡོངས་ནས་དོ་སྣང་དང་ཐུགས་འཁུར་ཆེ་བཞེས་གནང་སྟེ། གཙོ་བོ་རྒྱ་ནག་གཞུང་ཕྱོགས་ནས་དུས་དང་རྣམ་པ་ཀུན་ཏུ་བཙན་བྱོལ་སྤྱི་ཚོགས་ནང་འཁྲུག་གཞིའི་ལས་དོན་སྤེལ་གྱི་ཡོད་སྟབས་དེ་འདྲའི་སྲིད་དོན་གྱི་ལག་ཆར་མི་འགྲོ་བ་གཟབ་ནན་དགོས་རྒྱུ་དང་ དེ་བཞིན་ཅོལ་ཆུང་བ་ཉུང་ཤས་ཀྱིས་ཆོལ་ཁ་ཆོས་བརྒྱུད་ཁ་ལ་འཁྱེར་ནས་སྤྱི་ཚོགས་དྲྭ་ལམ་སོགས་ནང་ཕུ་དཀྲུག་མདའ་དཀྲུག་བྱེད་པར་རྗེས་སུ་མི་འགྲོ་བརསོ་སོའི་རྣམ་དཔྱོད་ལ་བརྟེན་ནས་བོད་མིའི་ཡ་རབས་སྤྱོད་བཟང་ཉམས་ཞན་དུ་མ་སོང་བར་འོས་བསྡུའི་སྒྲིག་གཞི་དང་འགལ་མེད་ཐོག རང་རང་གི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཐུབ་རྒྱུའི་འགན་ཁུར་བཞེས་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་དེ་རིང་འདིར་ཞུ་འདོད་བྱུང་བ་ཞིག་ནི་སྐབས་བཅུ་བདུན་པའི་སྤྱི་འཐུས་ཐུན་མོང་གི་ནུས་པ་གཅིག་ཏུ་སྤུངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སོགས་ལ་དུས་བསྟུན་གྱི་བསྐྱར་བཅོས་སོགས་བྱས་ཐུབ་ནས་མང་གཙོའི་ཀ་བ་གསུམ་དང་། རང་དབང་ན་གྱི་སྡེ་ཚན་ཆ་ལག་ཚང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་རྒྱུན་ལྡན་བཞིན་འགྲོ་ཐུབ་པ་བྱུང་ཡོད་པ་མ་ཟད་གནད་དོན་མང་པོའི་ཐོག་ཁྲིམས་སྒྲིག་ནང་ཁ་གསལ་བཟོས་ཐུབ་ཡོད། དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་། ཉེ་ཆར་ཕྱི་ཟླ་ ༦ པའི་ནང་ཉི་འོང་རྒྱལ་ས་ཊོཀ་ཡོ་བཅས་སུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་དང་། ༩ པ་སོ་སོ་བསྐོང་ཚོགས་ཞུས་པ་དང་། སྤྱི་འཐུས་རྣམ་པ་་བགོས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་དོན་ཞུ་སྐུལ་གནང་བ་སོགས་ཀྱིས་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་དང་ཁྱབ་བསྒྲགས་རྒྱ་ཆེ་བྱུང་ཡོད་ལ། གནས་ཡུལ་རྒྱ་གར་གཞུང་དང་མངའ་སྡེ་སོ་སོར་གྲོས་ཚོགས་འཐུས་མི་སོགས་ལ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་རིམ་པ་སྤེལ་ཐུབ་པ་བྱུང་བ་དེ་དག་གིས་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འདི་ལོར་༸རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁོངས་དེ་རིང་མང་གཙོ་དབུ་བརྙེས་པའི་ཉིིན་མོ་དང་བསྟུན། བོད་མིའི་མང་གཙོའི་འཕེལ་རིམ་ཐོག་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་སྐོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་པར་རིས་འགྲེམས་སྟོན་ཞིག་དེ་རིང་ནས་བཟུང་ཉིན་གསུམ་རིང་གོ་སྒྲིག་ཞུས་ཡོད་པས་ཚང་མས་དགྱེས་གཟིགས་ཡོང་བ་ཞུ་རྒྱུ་དང་། ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གནས་ཡུལ་རྒྱ་གར་གཞུང་མང་གཉིས་དང་། ཨ་རིཡུ་རོབ། ཉི་འོང་གཞན་ཡང་འཛམ་གླིང་ཤར་ནུབ་གང་སར་གནས་པའི་བོད་དོན་རྒྱབ་སྐྱོར་བ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁམས་གསུམ་སྐྱེ་འགྲོ་ཀུན་དང་། ལྷག་པར་དུ་བདག་ཅག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་དགོངས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཅིང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ་བཅས་ཀྱི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢ ལ།། །།