བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་མི་ལོ་ཧྲིལ་པོ་ ༨༦ འཁོར་བའི་ དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ལྔའི་ཐོག་བོད་ཀྱི་རྒྱལ་སར་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་མངའ་གསོལ་ཞུས་ཏེ་མི་ལོ་ཧྲིལ་པོ་ ༨༦ འཁོར་བའི་སྐལ་བཟང་ཉིན་མོར་བོད་མི་རྩམ་ཟན་པ་ཡོངས་དང་། དད་ལྡན་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱི་ཚབ་ཞུས་ཏེ་གུས་ཕྱག་དང་བཅས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་རབ་བྱུང་ ༡༦ པའི་ཤིང་ཕག་ཟླ་ ༥ ཚེས་ ༥ ཉིན་བོད་མདོ་སྨད་སྟག་འཚེར་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་། ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་ཁྱེའུ་ལྷ་མོ་དོན་གྲུབ་གང་ཉིད་བོད་གཞུང་ཡང་སྲིད་བརྩད་གཅོད་ཚོགས་ཆུང་ནས། ལྷ་མོའི་བླ་མཚོ་སོགས་ཀྱི་ལུང་བསྟན་གཞིར་བཟུང་བསྲེགས་བཅད་བརྡར་བའི་གསེར་བཞིན་རྩད་ཞིབ་བརྟག་པ་ནན་ཏན་གནང་སྟེ་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་ཐུབ་པ་དང་། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ཐུགས་གཏན་འཁེལ་བའི་བཀྲ་ཤིས་གཏམ་སྙན་ཡོངས་ཁྱབ་གསལ་བསྒྲགས་སྤེལ། བོད་གཞུང་ནས་ཕྱི་ནང་གི་དཀའ་ངལ་དུ་མར་གདོང་ལེན་གནང་སྟེ་མཐར་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་སྐུ་འཁོར་དང་བཅས་བོད་ཀྱི་རྒྱལ་ས་ལྷ་སར་བདེ་བླག་ངང་གདན་འདྲེན་ཞུ་ཐུབ་པ་བྱུང་བ་དང་། ཕྱི་ལོ་ ༡༩༣༩ ཟླ་ ༡༡ ཚེས་ ༢༤ ཉིན། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་༸རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་ནས་དབུ་སྐྲ་གཙུག་ཕུད་དང་དགེ་བསྙེན་གྱི་བསླབ་སྡོམ་འབུལ་བཞེས་བསྐྱངས་ཏེ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞེས་མཚན་གསོལ་མཛད། དེ་ནས་རིམ་བཞིན་ཡོངས་འཛིན་རྣམ་པའི་དྲུང་ནས་བོད་ཡིག་འབྲི་ཀློག་ནས་དབུ་བཙུགས་ཏེ་ཆོས་འབྲེལ་སོགས་ཀྱི་གསན་བསམ་ལྷོད་མེད་མཛད།

བོད་ལྕགས་འབྲུག་བོད་ཟླ་ ༡ ཚེས་ ༡༤ སྟེ་ཕྱི་ལོ་ ༡༩༤༠ ཟླ་ ༢ ཚེས་ ༢༢ འབྱུང་འཕྲོད་ཚེས་ཆ་བཟང་བའི་ཉིན་མོར། ལྷ་ལྡན་དུ་རི་བོ་གྲུ་འཛིན་གཉིས་པ་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་མི་འཇིགས་སེངྒེ་བརྒྱད་ཀྱིས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བའི་སྲོལ་རྒྱུན་གཞུང་འབྲེལ་ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་ཁྱོན་བདུན་ཕྲག་གཅིག་རིང་གཟབ་རྒྱས་ངང་རྒྱ་ཆེར་བསྐྱངས་ཡོད་ཅིང་། མཛད་སྒོ་ཁག་གི་ཐོག་བོད་གཞུང་གི་ཞི་དྲག་དཔོན་རིགས་ལས་སྣེ་རྣམས་དང་། ཡབ་གཞིས་སྐུ་འཁོར། བླ་སྤྲུལ་སོགས། གཞན་ཡང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་། བལ་ཡུལ། འབྲུག དབྱིན་གཞུང་རྒྱ་གར་གཞུང་ཚབ། འབྲས་སྤྱི་བློན་ཆེན་སོགས་ཀྱི་སྐུ་ཚབ་ནས་ཁྲི་སྟོན་མཛད་སྒོར་མཉམ་ཞུགས་དང་ཁྲི་སྐྱེས་ལེགས་འབུལ་རྒྱ་ཆེ་གནང་ཡོད།

སྐབས་དེར་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་ཕྱོགས་གཅིག་ནས་ཕྱི་ཕྱོགས་ཉི་འོང་གི་བཙན་འཛུལ་དམག་འཁྲུག་ལ་གདོང་ལེན་དང་། ཕྱོགས་གཞན་ནས་ནང་ཁུལ་རྒྱ་དམར་གུང་ཁྲན་ཏང་ལ་ཁ་གཏད་གཅོག་པའི་དུས་སྐབས་བཅས་ཀྱིས་རང་ཉིད་སྲིད་གཞུང་ལ་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། མི་རྒྱུ་གཉིས་ཐོག་ནས་བོད་ལ་འབྲེལ་ལམ་དང་། ལྷག་པར་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གསེར་བུམ་དཀྲུག་འདོན་དང་། གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་གཙོ་སྐྱོང་བྱ་རྒྱུའི་འབད་བརྩོན་ཐབས་བརྒྱ་ཇུས་སྟོང་བྱས་ཏེ་རྒྱ་ནག་གི་སྐུ་ཚབ་ཝུའུ་ཀྲུང་ཤིན་འཁོར་བཅས་ལྷ་སར་འབྱོར་ཡོད་ཀྱང་། དོན་དངོས་སུ་གོང་གསལ་རྒྱ་གཞུང་གི་དམིགས་ཡུལ་ངན་པ་ཁག་རྩ་བ་ནས་གྲུབ་ཐུབ་མེད་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་གཞན་ལྟར་གྱི་སྣེ་ལེན་ལས་ཐོབ་མེད་པ་གསལ་པོ་ཡིན་ན་ཡང་སྐབས་དེ་དུས་ནས་ལོ་རྒྱུས་རྫུན་བཟོའི་ཡིག་ཆ་སྤེལ་བ་སོགས་བྱུང་ཡོད་པ་དེ་དག་ལ་ཁུངས་ལུང་མེད་ཅིང་བདེན་པ་ར་སྤྲོད་བྱེད་ཐུབ་པ་ཞིག་བྱུང་མེད།

ཕྱི་ལོ་ ༡༩༤༩ ལོར། རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ཤར་ཕྱོགས་ནས་དྲག་པོའི་བཙན་འཛུལ་འགོ་བཙུགས་ཤིང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འཇོག་དགོས་བྱུང་སྟེ། ལོ་བརྒྱད་ལྷག་རིང་མཉམ་གནས་གནས་ཐབས་མཛད་ཀྱང་དོན་སོན་མ་བྱུང་སྟབས། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། རྒྱ་གར་དུ་ཕེབས་འབྱོར་བྱུང་རྗེས་བོད་གཞུང་གསར་འཛུགས་ཀྱིས་མཚོན་བོད་མིའི་ཆོས་སྒར་ཁག་དང་། དེ་བཞིན་རིག་གཞུང་བསྟི་གནས་ཁག་གསར་འཛུགས་གནང་བ་མ་ཟད། མདོར་ན་བཙན་བྱོལ་དུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་གྱི་གྲུབ་འབྲས་འབུར་དུ་ཐོན་པ་ནི། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེའི་མཛད་འཕྲིན་དང་བཀའ་སློབ་ལམ་སྟོན་ཐོག་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པའི་འབྲས་བུ་ཡིན་པས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།

༸གོང་ས་མཆོག་གིས་བོད་མི་ཙམ་མ་ཟད་འགྲོ་བ་མི་སྤྱི་ལ་བདེ་སྐྱིད་དང་ཞི་བདེ་ཡོང་ཐབས་ཀྱི་ལམ་སྟོན་མཛད་ཅིང་། དེ་ཡང་རིགས་རུས་དང་། མཆོག་དམན། ཤ་མདོག་སོགས་ཀྱི་ཁྱད་མེད་ཀྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་པ་དང་། འཛམ་གླིང་ཞི་བདེ་ཡོང་ཐབས་སུ་དང་པོ་རང་ཉིད་ནས་ནང་སེམས་ཀྱི་ཞི་བདེ་ཡོང་ཐབས་བྱ་དགོས་པ་ལས་ཕྱིའི་དངོས་པོའི་མཐུན་རྐྱེན་ཙམ་གྱིས་ཞི་བདེ་ཡོང་མི་ཐུབ་པ་དང་། སྤྱི་ཚོགས་ནང་དཀའ་རྙོག་ཆེ་ཆུང་གང་ཞིག་ཡིན་ཡང་སྟོབས་ཆེ་ཆུང་དང་གོ་མཚོན་བེད་སྤྱོད་ཀྱིས་དམག་འཐབ་དང་འཁྲུག་འཛིང་མེད་པར་ཕན་ཚུན་གྲོས་མོལ་གྱི་ལམ་ནས་དཀའ་ངལ་ཐག་གཅོད་ཡོང་ཐབས་བྱ་དགོས་པའི་ལམ་སྟོན་གནང་ཞིང་བོད་དོན་འཐབ་རྩོད་ཀྱང་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་གཞུང་མཉམ་འབྲེལ་ལམ་གྱིས་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་གནང་ཡོད།

དེང་གི་ཚན་རིག་དང་ནང་ཆོས་དབར་ལོ་ངོ་སུམ་ཅུ་ལྷག་བགྲོ་གླེང་དང་གོ་བསྡུར་གནང་ཞིང་སྙན་གྲགས་ཅན་གྱི་ཚན་རིག་པ་མང་པོ་ཞིག་གིས་ནང་ཆོས་ནས་བཤད་པའི་སེམས་སེམས་བྱུང་དང་། དྲན་པ་ཉེར་བཞག་བཞི་སོགས་ནས་དམིགས་བསལ་སེམས་ཀྱི་བདེ་སྐྱིད་ལ་ཕན་ཐོགས་ཡོང་བའི་ར་སྤྲོད་བྱས་ཤིང་། ༸གོང་ས་མཆོག་གི་མཁྱེན་བརྩེའི་ཡོན་ཏན་དང་། རླབས་ཆེན་གྱི་དགོངས་གཞི་ལ་བསྔགས་བརྗོད་ཡི་རང་ཞུ་བཞིན་པ་དང་། འཛམ་གླིང་ནང་ཆོས་ལུགས་དང་བཟང་སྤྱོད་ཀྱི་ནང་དོན་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་དང་། ཚན་རིག་དང་ཆོས་ལུགས་ཟུང་འབྲེལ་གྱིས་མིའི་རིགས་ཀྱི་བདེ་སྐྱིད་དང་ཤེས་རབ་གོང་འཕེལ་གཏོང་མཁན་གྱི་རླབས་ཆེན་མི་སྣ་ཞིག་ལ་ངོས་འཛིན་གྱིས་ཕྱི་ལོ་ ༢༠༡༢ ལོར་ཆོས་ལུགས་དང་འབྲེལ་བའི་གཟེངས་རྟགས་སྙན་གྲགས་ཆེ་ཤོས་ཊེམ་པལ་ཊོན་གཟེངས་རྟགས་ (The Templeton Prize) སོགས་གཟེངས་རྟགས་བརྒྱ་ཕྲག་མང་པོ་འབུལ་བཞེས་བྱུང་ཡོད།  ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྷ་རམ་མི་ (Grammy Award) གཟེངས་རྟགས་འབུལ་བཞེས་གནང་བ་གོ་སྐབས་འདི་བརྒྱུད་ནས་འཚམས་འདྲི་ཞུ་རྒྱུ་དང་། གཟེངས་རྟགས་འབུལ་བཞེས་གནང་བ་འདི་ནི་༸གོང་ས་མཆོག་སྐུ་སྒེར་གྱི་མཛད་རྗེས་ཙམ་ལ་མ་ཡིན་པར། འདིས་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ནི་འཛམ་གླིང་ནང་རིན་ཐང་ཆེ་བའི་གཅེས་ནོར་ཞིག་ཡིན་པ་སླར་ཡང་ར་སྤྲོད་བྱས་ཤིང་། ༸གོང་ས་མཆོག་གི་བྱམས་བརྩེའི་བཀའ་སློབ་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། ཆོས་ལུགས། ཁོར་ཡུག འགྲོ་བ་མིའི་བཟང་སྤྱོད་བཅས་ཀྱི་ལམ་སྟོན་དེས་འཛམ་གླིང་སྤྱི་དང་། རང་ཅག་བོད་མི་རྣམས་ལ་དགོས་མཁོ་གལ་ཆེ་ཞིག་ཆགས་ཡོད་པས་རང་ཅག་རྣམས་ཀྱིས་ཉམས་ལེན་ལག་བསྟར་ཞུ་དགོས་པ་གལ་ཆེ་ཆགས་ཡོད།

༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ནས་ཆོས་ལུགས་མཐུན་འབྲེལ་གལ་ཆེར་བརྩི་བཞིན་པ་དང་། གང་ཉིད་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་མང་ཡང་དེ་དག་གིས་ཆོག་ཤེས་དང་། བྱམས་བརྩེ། བཟོད་སྒོམ་སོགས་གཅིག་གྱུར་ཉམས་ལེན་ལག་བསྟར་གྱིས་འགྲོ་བའི་ཁམས་དང་མོས་པར་འཚམ་པའི་ཕན་ཐོགས་ཡོང་བཞིན་ཡོད་པས་ཕན་ཚུན་གུས་བཀུར་དགོས་པ་ལས་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་དབང་གིས་འཁྲུག་རྩོད་བྱེད་པ་ནི་ཐབས་སྡུག་གི་བྱ་བ་ཞིག་ཡིན་པ་གསུང་བཤད་ནན་ཏན་མང་པོ་གནང་ཡོད།

འདི་ལོར་༸རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁོངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་ཚན་གཉིས་པ་ཆོས་ལུགས་མཐུན་འབྲེལ་དང་། འཛམ་གླིང་ཞི་བདེའི་ཆེད་མེས་པོ་དམ་པ་གྷན་དྷིའི་དྲན་རྟེན་བཞུགས་ཡུལ་རཇ་གྷཊ་(Raj Ghat)རུ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡ སྔ་དྲོར་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས་ཤིང། དེ་ཉིན་ཆོས་ལུགས་བཱ་ཧེ་ (Baha) དང་། ཡེ་ཤུ། ཁ་ཆེ། ཇིའུ། སིག །ནང་པ་བཅས་ཀྱི་སྐུ་ཚབ་དང་། དེ་བཞིན་ལྡི་ལི་བསམ་ཡས་གླིང་ས་གནས་དང་། གཞན་སུད་ཚོང་ཁག་ནས་བོད་མི་སེར་སྐྱ་མང་པོ་མཉམ་བཞུགས་ཀྱིས་ཆོས་ལུགས་སྐུ་ཚབ་སོ་སོའི་ངོས་ནས་རིམ་པས་སྨོན་ལམ་གསུང་འདོན་གནང་ཡོད། དེ་དག་གི་བསོད་ནམས་དང་དགེ་བའི་ལས་ཀྱིས་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་རྣམས་ཡོངས་སུ་འགྲུབ་པའི་ལས་དོན་གལ་ཆེན་པོ་ཞིག་དང་། མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཞེས་པ་ལྟར་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་རྒྱུ་རུ་འགྲོ་བའི་ཡིད་ཆེས་ཞུ་བཞིན་ཡོད། ད་བར་འཛམ་གླིང་ནང་༸གོང་ས་མཆོག་གི་མཛད་འཕྲིན་ལ་ཞབས་འདེགས་ཞུ་མཁན་དང་། བོད་མིར་རྒྱབ་སྐྱོར་གནང་མཁན་གནས་ཡུལ་རྒྱ་གར་དབུས་སའི་གཞུང་དང་། དེ་བཞིན་ཨ་རི་སྲིད་གཞུང་། ཡུ་རོབ་རྒྱལ་ཁབ། ཉི་འོང་སོགས་གཙོས་པའི་འབྲེལ་ཡོད་གཞུང་མང་ཡོངས་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉིན་མོ་མགྱོགས་ནས་མྱུར་དུ་འཆར་ཏེ་སླར་ཡང་མགོན་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་ཕོ་བྲང་པོ་ཏ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་འཁོད་ཐུབ་པའི་བཀྲ་ཤིས་སྨོན་འདུན་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༢ ལ།།