བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་ཞུ་གཏུགས་ལས་འགུལ་དང་འཐུས་མི་མཇལ་འཕྲད་ཀྱི་ལས་རིམ་ཁག་ལེགས་གྲུབ་ཟིན།


༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་སྣེ་ཁྲིད་འོག་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་བཅས་ནས་རྒྱ་གར་དགུན་དུས་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན། གང་ཅིའི་འབྲེལ་ལམ་ཆེད་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༨ ནས་ཚེས་ ༢༢ བར་ཉིན་ལྔའི་རིང་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་ཟིན།
སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ད་བར་རྒྱ་གར་སྲིད་དོན་ཚོགས་པ་ཁག་ ༡༡ དང་། མངའ་སྡེ་ཁག་ ༡༩ ཡི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༤༠ ལྷག་ཙམ་མཇལ་འཕྲད་གནང་ཡོད་འདུག

CPI ཆབ་སྲིད་ཚོགས་པའི་ཚོགས་མི་སྐུ་ཞབས་ D. Raja མཆོག

དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ (Constitution Club of India) ནང་ཚོགས་གནང་ཡོད་པ་དང། ཚོགས་འདུའི་ནང་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༧ ཙམ་ཕེབས་གནང་ཡོད། དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་རྣམ་གསུམ་གྱི་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་དང་། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག འཕགས་བོད་འབྲེལ་མཐུད་ལས་ཁང་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་བཅས་ཚོགས་འདུའི་ནང་མཉམ་ཞུགས་གནང་ཡོད་འདུག ཐེངས་དེར་འགྲོ་བཞིན་པའི་རྒྱ་གར་གྲོས་ཚོགས་ནང་གལ་གནད་ཅན་གྱི་ཁྲིམས་འཆར་འོས་འཕེན་འགྲོ་བཞིན་པར་དུས་ཁོམ་མ་བྱུང་བར་བརྟེན་རྒྱ་གར་གྲོས་ཚོགས་འཐུས་མི་འགའ་ཞིག་ཕེབས་བཅར་ཞུ་ཐུབ་མེད།
ཚོགས་འདུའི་ནང་མཉམ་ཞུགས་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཇི་ལྟར་སྔར་ལྷག་ནུས་པ་ཆེ་རུ་གཏོང་ཐབས་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བརྒྱུད་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་རྒྱ་ཆེར་གཏོང་ཐབས་སོགས་ཀྱི་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད་བོད་ཀྱི་འཐབ་རྩོད་ཆེད་གྲོས་ཆོད་ཁག་བཞི་ཙམ་འཇོག་ཐུབ་པ་བྱུང་འདུག

རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་བགྲེས་པ་སྐུ་ཞབས་ Vivek K Tankha མཆོག

ཉིན་ལྔའི་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་ཀྱི་ལས་རིམ་ནང་། རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ནས་སྤྱི་ལྷན་གྱི་སྐུ་ཚབ་རྣམ་པར་དགའ་སྤྲོའི་ངང་ནས་མཇལ་འཕྲལ་གནང་བ་མ་ཟད། ཁོང་རྣམ་པའི་བོད་དོན་ཐོག་རྒྱབ་སྐྱོར་དང། བོད་ཀྱི་གནད་དོན་སྐོར་གྲོས་ཚོགས་ནང་དང་། ཆབ་སྲིད་ཚོགས་པ་ཁག་གི་ཚོགས་འདུ་མང་དག་ཞིག་ལ་བགྲོ་གླེང་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་འདུག དཔེར་ན་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་བགྲེས་པ་སྐུ་ཞབས་ Vivek K Tankha མཆོག་ནས་ ”གལ་སྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཞུང་འབྲེལ་གྱི་ལྡི་ལིར་མཛད་འཆར་ཞིག་དང་སྟབས་སྒྲིག་འོག་ངེད་ཅག་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་དང་བོད་དོན་སླར་གསོ་དང་འབྲེལ་བའི་ཚོགས་འདུ་ཞིག་བསྡུ་བསྐོང་གནང་ཐུབ་ཚེ། བོད་ཀྱི་གནད་དོན་ཁྱབ་སྤེལ་གོང་མཐོར་ཡོང་རྒྱུར་དེ་བས་ཕན་རླབས་དང་ནུས་པ་ལྡན་པ་ཞིག་ཡོང་ངེས་ཡིན།” ཞེས་གསུངས་གནང།

BJP ཆབ་སྲིད་ཚོགས་པའི་ཚོགས་མི་སྐུ་ཞབས་ Janardhan Singh Sigriwal མཆོག

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ནས་ ”དུས་ཡུན་ཉིན་ལྔའི་རིང་རྒྱ་གར་གྲོས་ཚོགས་འཐུས་མི་ ༤༠ ལྷག་ཙམ་མཉམ་བོད་དོན་ཐོག་མཇལ་མོལ་ཚགས་ཚུད་ནུས་ལྡན་བྱུང་བ་མ་ཟད་། གལ་གནད་ཆེ་བ་ཞིག་ལ། འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ནང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་མང་དག་ཅིག་གཞུང་འབྲེལ་མཛད་སྒོ་ཁག་ལ་ཆེད་བཅར་ཞུ་རྒྱུའི་འབོད་སྐུལ་ཞུས་པ་བཞིན་ཞལ་བཞེས་གནང། ཐེངས་དེར་ཞུ་གཏུགས་དང་མཇལ་འཕྲད་ཀྱི་ལས་འགུལ་དེས་ རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་ཐུབ་པ་བྱུང་ཡོད།” ཞེས་གསུངས་གནང།

ཕྱི་ལོ ༢༠༡༤ ནས་ད་བར་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་འཐུས་མི་ ༢༡༠ ཙམ་མཇལ་འཕྲད་གནང་ཐུབ་ཡོད་པའི་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ།