བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་ཧེ་ཌར་བྷ་ཌིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་གཙོས་པའི་བློན་ཆེན་ཁག་ཅིག་ལ་བོད་དོན་ཞུ་སྐུལ་དང་མངའ་སྡེ་གཙུག་ལག་སློབ་གཉེར་ཁང་དུ་གཏམ་བཤད་གནང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་མངའ་སྡེ་ཁག་ཅིག་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོར་སྤྱི་འཐུས་རྣམ་པ་ཏེ་ལང་གྷ་ནའི་རྒྱལ་ས་རྒྱ་གར་ཧེ་ཌར་བྷ་ཌི་ (Hyderabad) རུ་ཆབ་སྲིད་ཚོགས་པ་(BRS)ཞེས་པའི་དྲུང་ཆེ་སྐུ་ཞབས་ (Srinivas Reddy) མཆོག་དང་། མངའ་སྡེའི་འཕྲུལ་རིགས་དང་བཟོ་རིག་བློན་ཆེན་སྐུ་ཞབས་(D.Sridhar Babu) མཆོག་གིས་གཙོས་མངའ་སྡེ་གྲོས་ཚོགས་འཐུས་མི་ཁག་ཅིག དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་དཔལ་འབྱོར་དང་འཆར་འགོད་བློན་ཆེན་སྐུ་ཞབས་ (Mallu Bhatti Vikramarka) མཆོག་བཅས་ལ་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། དོན་ཚན་ ༡༠ ཅན་འཁོད་པའི་ཡིག་ཆ་བཅས་ཕུལ་སྐབས། སྤྱི་ཁྱབ་བློན་ཆེན་གཞོན་པ་དང་བཟོ་རིག་བློན་ཆེན་རྣམ་གཉིས་ཀྱིས་བོད་པའི་སྤྱི་འཐུས་རྣམ་པར་ཆེ་མཐོང་ཆེན་པོ་དང་བོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་སྐོར། མ་འོངས་པར་ག་དུས་ཕེབས་ཀྱང་དགའ་བསུ་ཡོད་སྐོར་གསུངས་ཡོད་འདུག
ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར་སྤྱི་འཐུས་རྣམ་པ་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ (K. R. Suresh Reddy) མཆོག་ལ་མཇལ་འཕྲད་སྐབས། མངའ་སྡེའི་གྲོས་ཚོགས་འཐུས་མི་བཞི་མཉམ་བཅར་ཞུས་ཡོད་འདུག་པ་མ་ཟད། གསར་འགོད་པའང་མང་པོ་ཕེབས་ཏེ་བོད་མི་མང་སྤྱི་འཐུས་སྐུ་ཚབ་དང་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་མཇལ་འཕྲད་སྐོར་གྱི་གནས་ཚུལ་བསྡུ་རུབ་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་མཆོག་གིས་ཁོང་༧གོང་ས་མཆོག་ལ་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་ཞིང་། ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པས་དེ་སྔ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་མ་ཟད། མངའ་སྡེ་ཏེ་ལཱིང་གྷ་ནར་མཚོན་ནའང་བོད་དང་འདྲ་བར་རྒྱུན་རིང་པོར་འཐབ་རྩོད་བྱས་ཏེ་རྒྱལ་ཁ་ཐོབ་པ་ཞིག་ཡིན་སྟབས། བོད་པའི་དཀའ་ངལ་དང་མངོན་འདོད་སོགས་གསལ་པོར་ཚོར་ཐུབ་ཀྱི་ཡོད་སྐོར་གསུངས་གནང་ཡོད་འདུག
དེ་རྗེས་སྤྱི་འཐུས་རྣམ་པ་རྒྱ་གར་ཀཱང་རེ་སི་ (Congress) ཆབ་སྲིད་ཚོགས་པའི་ཏེ་ལཱིང་གྷ་ན་མངའ་སྡེའི་ལས་ཀའི་ཚོགས་གཙོ་སྐུ་ཞབས་ (Mahesh Goud) མཆོག་དང་། རྒྱ་གར་དབུས་མཉམ་འབྲེལ་བློན་ཆེན་ཟུར་པ་དང་ཏེ་ལཱིང་གྷ་ན་མངའ་སྡེའི་ཀཱང་རེ་སི་ (Congress) ཆབ་སྲིད་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ (Deepa Dasmunsi) མཆོག་བཅས་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཞུས་ཡོད་པ་དང་། ཚོགས་གཙོ་ལྕམ་སྐུ་མཆོག་གིས་ཁོང་མོ་དང་ཁོང་མོའི་ཆབ་སྲིད་ཚོགས་པས་བོད་པ་བཙན་བྱོལ་དུ་འབྱོར་བ་ནས་རྒྱབ་སྐྱོར་གཡོ་བ་མེད་པ་ཞུ་བཞིན་ཡོད་སྐོར་དང་། ཁོང་མོ་དེ་སྔོན་བཞུགས་སྒར་དྷ་རམ་ས་ལ་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་སོགས་སུ་བཅར་ཏེ་བོད་པར་རྒྱུས་མངའ་ཆེན་པོ་ཡོད་སྐོར་གསུངས་གནང་ཡོད་འདུག ཉིན་རྒྱབ་སྤྱི་འཐུས་རྣམ་པ་རྒྱ་གར་གྱི་སྲིད་བློན་དམ་པ་ནཱ་ར་སེ་མཧ་རཧུ་མཆོག་གི་ཚ་བོ་དང་བྷེ་ཇི་ཕི་ (BJP) ཆབ་སྲིད་ཚོགས་པའི་ཏེ་ལཱིང་གྷ་ན་ས་གནས་མགྲིན་ཚབ་པ་སྐུ་ཞབས་ (NV Subash) མཆོག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་སྐུལ་ཡིག་ཆ་ཁག་ཕུལ་གནང་ཡོད་འདུག
ཕྱི་ཚེས་ ༢༥ ཉིན་སྤྱི་འཐུས་རྣམ་པ་ཧེ་ཌར་བྷ་ཌི་གཙུག་ལག་སློབ་གཉེར་ཁང་ (University of Hyderabad) དུ་འབྱོར་སྐབས། སློབ་གཉེར་ཁང་དེའི་ཧིན་རྡིའི་སྡེ་ཚན་འགན་འཛིན་དང་། ལ་དྭགས་ཀྱི་སློབ་ཕྲུག་གཉིས་བཅས་ནས་སྤྱི་འཐུས་གསུམ་ལ་ཕེབས་བསུའི་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་ཅིང་། དེ་རྗེས་༼བོད་ཇི་ཙམ་རྒྱ་གར་ལ་གལ་ཆེ་བ།༽ཞེས་པའི་བརྗོད་གཞིའི་ཐོག་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་ཁོར་ཡུག་སྐོར་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་རྒྱ་གར་དང་བོད་བར་གྱི་ཆོས་དང་རིག་གཞུང་གི་འབྲེལ་བའི་སྐོར། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་གིས་འཕགས་བོད་བར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་དང་ས་མཚམས་ཀྱི་འབྲེལ་བའི་སྐོར་བཅས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་ཆུ་ཚོད་ ༢ ལ་ཉེ་བའི་རིང་གནང་ཡོད་འདུག
མཇུག་ཏུ་གཙུག་ལག་སློབ་གཉེར་ཁང་དེའི་ཧིན་རྡིའི་སྡེ་ཚན་འགན་འཛིན་སློབ་དཔོན་ཆེན་མོ་ (Prof Gajendra Kumar Pathak) མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་བོད་སྐོར་གྱི་སྙན་ཚིག་འགྱེར་འདོན་དང་། སྤྱི་འཐུས་རྣམ་པས་སློབ་དཔོན་ཁོང་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། སློབ་གཉེར་ཁང་གི་དཔེ་མཛོད་དུ་བོད་ཀྱི་ཁོར་ཡུག་སྐོར་གྱི་དཔེ་དེབ་གཅིག དེ་བཞིན་བགྲོ་གླེང་གོ་སྒྲིག་ཞུ་མཁན་སློབ་དཔོན་ཆེན་མོ་ (Dr M N Rajesh)མཆོག་དང་། སློབ་དཔོན་ཆེན་མོ་ (Dr Bhim Singh (PI)) མཆོག སློབ་དཔོན་ཆེན་མོ་ (Dr Setu Kumar Verma) མཆོག་བཅས་ལ་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་ཅིང་། བགྲོ་གླེང་གཏམ་བཤད་དེར་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དང་རྒྱལ་ཁབ་འདྲ་མིན་གྱི་འབུམ་རམས་པ་དང་། གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་མང་པོ་མཉམ་ཞུགས་གནང་ཡོད་འདུག
ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་ཧེ་ཌར་བྷ་ཌིའི་རྩོམ་པ་པོ་དང་ཇེཧེ་བྷ་ར་ཏཱ་ཚོགས་པ་ (Jai Bharat Association) ཞེས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ (Vijaya Vihaaram Ramana Murty) མཆོག་དང་། དྲུང་ཆེ་ལྕམ་སྐུ་ (Ms. Rajini) མཆོག སྐུ་ཞབས་ (Vijay Shankar Swami) མཆོག་བཅས་སྤྱི་འཐུས་རྣམ་པའི་བཞུགས་གནས་མགྲོན་ཁང་དུ་ཕེབས་ཏེ། སྤྱི་ཁྱབ་དྲུང་ཆེ་ཁོང་དེ་སྔ་ནས་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་ཞུ་མཁན་ཞིག་ཡིན་པ་མ་ཟད། སྒེར་ངོས་ནས་བོད་དོན་ལས་འགུལ་སྤེལ་བ་དང་ཡིག་ཆ་འགྲེམ་སྤེལ་སོགས་ཐེངས་མང་གནང་ཡོད་སྐོར་གསུངས་ཡོད་འདུག སྐུ་ཞབས་ཁོང་ཕྱི་ལོ་ ༢༠༠༨ དང་ ༢༠༠༩ ལོ་བཅས་སུ་བོད་ནང་ཛ་དྲག་གནས་ཚུལ་བྱུང་སྟེ། ཕྱི་ལོགས་སུ་བོད་མི་ཚོས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་སྐབས། སྐུ་ཞབས་ཁོང་གིས་ས་གནས་དེ་ཁུལ་གྱི་བོད་མི་ལས་འགུལ་བ་ཡོངས་ལ་བཞུགས་གནས་དང་ཞལ་ལག་སོགས་མཐུན་འགྱུར་གནང་མྱོང་ཡོད་པ་མ་ཟད། བོད་རྒྱའི་གནད་དོན་ཐོག་ཏཱེ་ལུ་གུ་ (Telugu) སྐད་ནང་དཔེ་དེབ་ཅིག་ཀྱང་རྩོམ་སྒྲིག་འགྲེམ་སྤེལ་གནང་ཡོད་འདུག
ཉིན་གུང་རྒྱ་གར་གྱི་སྲིད་བློན་དམ་པ་ནཱ་ར་སི་མཧ་རའོ་མཆོག་གི་རྗེས་དྲན་ཐེབས་རྩ་ (P.V. Narasimha Rao Memorial Foundation) ཞེས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ (Amdamchetty Anil Kumar) མཆོག་སྤྱི་འཐུས་རྣམ་པར་ཐུག་འཕྲད་དུ་ཕེབས་ཏེ། ཞལ་ལག་གོ་སྒྲིག་དང་འབྲེལ་ཁོང་གི་ཚོགས་པའི་ངོས་ནས་༧གོང་མཆོག་ལ་གཟེངས་རྟགས་ཤིག་འབུལ་འདོད་ཡོད་སྐོར་གསུངས་གནང་ཡོད་འདུག ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ལ་ཧེ་ཌར་བྷ་ཌི་ཁུལ་གྱི་ལས་རིམ་ཡོངས་སུ་ལེགས་འགྲུབ་བྱུང་སྟེ་སྤྱི་འཐུས་རྣམ་པ་མཁའ་ལམ་བརྒྱུད་གྷོ་ཝར་བསྐྱོད་གནང་ཡོད་འདུག
ཐེངས་འདིའི་ཧེ་ཌར་བྷ་ཌི་ཁུལ་གྱི་བོད་དོན་ཞུ་སྐུལ་ལས་འགུལ་ཐད་ཧེ་དྷར་བྷ་ཌི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་སྐུ་ཞབས་རཱ་ཇི་ཤཱིས་ (Dr M N Rajesh) མཆོག་གིས་གནད་ཡོད་མི་སྣར་ཐུག་འཕྲད་དང་གསར་འགོད་པར་འབྲེལ་བ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་དུ་གཏམ་བཤད་བཅས་གོ་སྒྲིག་གནང་ཡོད་ཅིང་། སློབ་དཔོན་ཆེན་མོ་ཁོང་ནི་འདས་པའི་ལོ་ངོ་ ༢༠ ལྷག་རིང་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། ས་གནས་དེ་ཁུལ་དུ་བོད་དོན་ཞུ་སྐུལ་སྔ་རྗེས་དང་བོད་མིའི་སིལ་ཚོང་བའི་ལས་དོན་གང་ཅིར་ཕྱག་རོགས་གནང་མཁན་ཞིག་ཡིན་འདུག
གཞན་ཡང་ཐེངས་འདིར་ས་གནས་དེ་ཁུལ་དུ་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་བསྟན་འཛིན་ཆོས་འཕེལ་ལགས་དང་། སིལ་ཚོང་རྒྱག་མཁན་ཚུལ་ཁྲིམས་བསྟན་འཛིན་ལགས་རྣམ་གཉིས་ནས་ཀྱང་ཕྱག་རོགས་མཐུན་འགྱུར་ཞུས་ཡོད་འདུག་པ་བཅས།