བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པའི་གནས་ཚུལ་།

img_5010

 

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་དེ་རིང་གི་ལས་རིམ་དང་པོ་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་ལན་འདེབས་གནང་བ་དང་། དེར་སྤྱི་འཐུས་རྣམ་པས་འཕྲོས་དོན་དྲི་བ་གནང་བར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་ཀྱང་གནང་ཡོད།

དེ་རྗེས་ལས་རིམ་གཉིས་པ་བཀའ་ཤག་གི་གསལ་བཤད་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་དང་། ནད་རིགས་མངོན་འགོག་གི་ཞིབ་འཇུག་ཚོགས་ཆུང་གཉིས་ཀྱི་སྙན་ཐོའི་ཐོག་མ་འོངས་མི་མང་ངོས་ནས་ལས་འགུལ་དང་ལས་དོན་གནང་ཕྱོགས་ཀྱིས་གསལ་བཤད་གནང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐུར་འདེབས་བྱེད་མཁན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། མ་འོངས་གདོང་ལེན་གནང་རྒྱུ་ཡིན་པའི་གསལ་བཤད་གནང་གྲུབ་རྗེས། བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་པ་དང་འབྲེལ་དེའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་།

དེ་ནས་ལས་རིམ་གསུམ་པ་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོ་འཁོར་ལས་བསྡོམས་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་དྲི་བར་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་ལན་འདེབས་གསལ་བཤད་གནང་བ་དང་། མུ་མཐུད་ནང་སྲིད་ཀྱི་ལས་བསྡོམས་སྙིང་བསྡུས་ཐོག་སྤྱི་འཐུས་རྣམས་ནས་བགྲོ་གླེང་ཆ་ཤས་བཞེས་པའི་ཐོག་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་དྲི་བར་ལན་འདེབས་གསལ་བཤད་རེ་རེ་བཞིན་གནང་བ་བཅས་ལས་ཉིན་གསུམ་པའི་ལས་རིམ་གྱི་གནས་ཚུལ་སྙིང་བསྡུས་སུ།།