བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་གནས་མཆོག་རྡོ་རྗེ་གདན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་བཅས་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་ཧོ་ཐོག་ཐུ་ནོ་མོན་ཧན་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེའི་གཅུང་པོ་སྙན་བརྒྱུད་གདམས་པའི་བཀའ་བབ་དགའ་ལྡན་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་མྱ་ངན་ལས་འདས་ཏེ། མི་ལོ་ ༥༥༠ ཧྲིལ་པོ་འཁོར་བའི་རླབས་ཆེན་གྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་གཏན་ཁེལ་བའི་ཐོག་གདན་ཞུའི་མགྲོན་ཤོག་གནང་འབྱོར་ལྟར་ཕྱི་ཚེས་༢༩ ཉིན་ཕྱི་དྲོའི་ཆར་མཛད་སྒོར་བཅར་རྒྱུ། དེ་ཡང་སྤྱི་འཐུས་རྒྱུན་ལས་རྣམས་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་རྡ་སར་ནས་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༢༩ ནས་ ༣༡ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་གསུང་ཆོས་དང་། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་བརྟན་བཞུགས་བཅས་ལ་བཅར་རྒྱུ། ཕྱི་ཚེས་ ༢ ཉིན་རྡོ་གདན་ནས་ལྡི་ལི་དང་། ཕྱི་ཚེས་ ༣ ཉིན་བཞུགས་སྒར་རྡ་སར་འབྱོར་རྒྱུ་རེད་འདུག་པ་བཅས།།