བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཡོངས་སུ་ལེགས་གྲུབ་བྱུང་བ།

ཕྱི་ལོ་ ༢༠༢༣ ཟླ་ ༡༢ པའི་ཚེས་ ༩ ཉིན་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་རྣམ་གཉིས་ཀྱིས་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། སྲིད་དོན་ཚོགས་པ་ཁག་གི་གནད་ཡོད་མི་སྣ་མཇལ་འཕྲད་དང་། མཐོ་སློབ་ཁག་ཏུ་བོད་དོན་གསུང་བཤད་གནང་བ་སོགས་ཉིན་གྲངས་དྲུག་རིང་གི་རྒྱལ་ས་ལྡི་ལི་ཁུལ་གྱི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་འདུག

དེ་ཉིན་བོད་མི་མང་སྤྱི་འཐུས་རྣམ་པས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འབུམ་རམས་པ་སྐུ་ཞབས་ ས་སི་མི་ཏ་ པ་ཊ་ར་མཆོག་ (Dr. Sasmit Patra) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཝན་ཝའི་རའོ་ ཁར་ལུ་ཁི་ (Shri Wanweiroy Kharlukhi) མཆོག ཕྱི་དྲོ་རྒྱ་གར་དབུས་བློན་ཆེན་ཟུར་པ་དང་། རྒྱ་གར་ཀོང་རེ་སི་(Indian National Congress) སྲིད་དོན་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ ཇེ་པི་ ཨ་གྷར་ཝལ་ (Shri J P Aggarwal) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྗེས། ཐེངས་འདིའི་ཉིན་གྲངས་དྲུག་རིང་གི་རྒྱལ་ས་ལྡི་ལི་ཁུལ་གྱི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་འདུག

མཇལ་འཕྲད་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་མཉམ་བཅར་ཞུས་ཡོད་པ་བཅས།