བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་དང་ཨུ་ཏར་པར་དེ་ཤི་མངའ་སྡེ་གཉིས་ཀྱི་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ལེགས་གྲུབ་བྱུང་བ།

༄༅། །བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༩ ནས་ཕྱི་ཟླ་ ༡༢ ཚེས་ ༢ བར་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁན་ཌི་དང་། ཨུ་ཏར་པར་དེ་ཤི་མངའ་སྡེ་གཉིས་ཀྱི་ནང་མངའ་སྡེའི་སྲིད་སྐྱོང་དང་། བློན་ཆེན། རྒྱ་གར་དབུས་གྲོས་ཚོགས་འཐུས་མི། མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

བོད་དོན་ཞུ་སྐུལ་གྱི་ཉིན་མཐའ་མ་སྟེ། ཕྱི་ལོ་ ༢༠༢༣ ཟླ་ ༡༢ པའི་ཚེས་ ༡ ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ (Shri Yogi Adityanath, Chief Minister of Uttar Pradesh) མཆོག་དང་། བློན་ཆེན་ཁག་ཅིག་མཇལ་འཕྲད་གནང་རྒྱུའི་ཆེད། མངའ་སྡེའི་གྲོས་ཚོགས་འཚོགས་བཞིན་པའི་གོ་སྐབས་དང་བསྟུན། གྲོས་ཚོགས་ལྟེ་བའི་བློན་ཆེན་ལས་ཁུངས་སུ་ཆེད་བཅར་གྱིས་མངའ་སྡེའི་ཆུ་ཡི་བློན་ཆེན་སྐུ་ཞབས་ས་ཝ་དྷན་ཏ་ར་ དེབ་ སིངྒ་ (Shri. Swadantra Dev Singh, Minister of Jal Shakti)  མཆོག་གི་སྒེར་དྲུང་བརྒྱུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་གྱི་སྙན་ཞུ་དང་། དྲན་རྟེན་ཕྱག་རྟགས་བཅས་ཕུལ་ཏེ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། འཕགས་བོད་གཉིས་དབར་གྱི་འབྲེལ་བ། དེ་བཞིན་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་སོགས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་འདུག

དགོང་མོ་ཆུ་ཚོད་ ༧ ཙམ་ལ་ཨུ་ཏར་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ཀེ་ཤིབ་ པར་སཌ་ མོར་ཡ་ (Shri Keshav Prassad Maurya,Deputy Chief Minister of Uttar Pradesh) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བློན་ཆེན་མཆོག་གིས་གཙོས་རྒྱ་གར་གྲོས་ཚོགས་འཐུས་མི་གཞན་ཁག་ཅིག་ལའང་བོད་དོན་ཞུ་སྐུལ་གྱི་སྙན་ཞུ་དང་། བོད་དོན་འགྲེམས་ཤོག ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་དཔང་རྟགས་རྩིས་དཔོན་ཞྭ་སྒབ་པ་ལགས་ཀྱི་ཕྱི་སྐྱོད་ལག་ཁྱེར་གྱི་ངོ་བཤུས་སོགས་ཕུལ་རྗེས།  བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག དེ་བཞིན་ཁོར་ཡུག་བཅས་ལ་དོ་ཕོག་གཏོང་བཞིན་པའི་དངོས་ཡོད་གནས་སྟངས་རྣམས་ངོ་སྤྲོད་གནང་རྗེས། ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས།