བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས་ཨུ་ཏར་པར་དེ་ཤི་མངའ་སྡེའི་གཞུང་འཛིན་མ་ཡིན་པའི་སྲིད་དོན་ཚོགས་པ་ཁག་གཉིས་ཀྱི་དཔོན་རིགས་དང་མཇལ་འཕྲད་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྤྱི་འཐུས་པདྨ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༣༠ ཉིན་རྒྱ་གར་བྱང་ཕྱོགས་ཨུ་ཏར་པར་དེ་ཤི་མངའ་སྡེའི་གཞུང་འཛིན་མ་ཡིན་པའི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་དཔོན་རིགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྒྱ་གར་བོད་དོན་ལས་འགུལ་བ་སྐུ་ཞབས་སན་དེ་ཤི་ མེ་ཤི་རམ་ (Sandesh Meshram) འམ་བོད་མིང་དུ་བསམ་གཏན་ཡེ་ཤེས་ལགས་ལག་ནོ་ནས་ལྡི་ལི་ཕྱོགས་སུ་ཕེབས་ཐོན་སྐབས། བོད་མི་མང་སྤྱི་འཐུས་རྣམ་པས་ས་གནས་བོད་པའི་སུད་ཚོང་ཁྲོམ་ར་ནས་ཁོང་ལ་ཆེ་བསྟོད་ཀྱིས་མཇལ་དར་བསྒྲོན་འབུལ་དང་སྦྲགས་ཕེབས་སྐྱེལ་ཞུས་གནང་ཡོད་འདུག

དེ་རྗེས་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་གྱི་ཐོག་སྤྱི་འཐུས་རྣམ་པ་ཨུ་ཏར་པར་དེ་ཤི་མངའ་སྡེའི་རྒྱལ་ས་ལག་ནོ་རུ་ཡོད་པའི་རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཆེད་བཅར་གྱིས་གནད་ཡོད་མི་སྣར་མཇལ་འཕྲད་གནང་སྟེ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་སོགས་ཀྱི་སྐོར་ངོ་སྤྲོད་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་གྱི་སྙན་ཞུ་དང་། བོད་དོན་སྐོར་གྱི་འགྲེམས་ཤོག་བཅས་ཕུལ་འདུག

དེ་ནས་ཨུ་ཏར་པར་དེ་ཤིའི་མངའ་སྡེའི་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་པ་སཱ་མཱ་ཇ་ཝ་དྷི་ཡི་རྒྱལ་ཡོངས་ཚོགས་གཙོ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཨེ་ཀི་ལེ་ཤི་ ཡ་དེབ་ (Shri Akhilesh Yadav, National President of the Samajwadi Party and former Chief Minister of Uttar Pradesh) མཆོག་དང་ལྷན་མཇལ་འཕྲད་ཀྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་གྱི་སྙན་ཞུ་དང་། དྲན་རྟེན་ཕྱག་རྟགས་བཅས་ཕུལ་རྗེས། ད་བར་ཁོང་གི་ཡབ་དམ་པ་རྒྱ་གར་དབུས་བདེ་སྲུང་བློན་ཆེན་ཟུར་པ་ མུ་ལ་ཡམ་ སིངྒ་ ཡ་དེབ་ (Shri Mulayam Singh Yadav, former Union Minister of Defence) མཆོག་གིས་དབུས་ཕ་རབས་བུ་རྒྱུད་ནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་དབུས་སའི་གྲོས་ཚོགས་ནང་དུའང་བོད་དོན་གླེང་སློང་རབས་དང་རིམ་པར་གནང་བ་སོགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས།

ད་ལྟའི་ཆར་བོད་ཀྱི་དཀའ་རྙོག་མུ་མཐུད་སེལ་མ་ཐུབ་པར་ལྷག་ཡོད་སྟབས། བོད་དོན་བདེན་མཐའ་མ་གསལ་བར་དུ་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་ལྟར། ཁོང་དང་། ཁོང་གི་ཨ་ཁུ་རྣམ་པ་གཉིས་ནས་བོད་ནང་གི་ཤེས་ཡོན་སོགས་ཀྱི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་སྐོར་དང་། རྒྱ་གར་གྱིས་བོད་དོན་ཆེད་སྔར་ལྷག་རྒྱབ་སྐྱོར་གནང་དགོས་པའི་གནས་སྟངས་རང་བཞིན་གྱིས་ཆགས་ཡོད་པ་སོགས་གསུངས་ཏེ། དུས་ནམ་ཡང་བོད་མི་ཚོ་དང་ལྷན་དུ་ཡོད་པ་དང་། བོད་ཀྱི་རིག་གཞུང་གཅེས་ཉར་དང་། བོད་དོན་འཐབ་རྩོད་ཐོག་ཁོང་གི་སྲིད་དོན་ཚོགས་པའི་ངོས་ནས་ད་ལྟ་བར་དུ་ཕྱག་ལས་མང་པོ་ཞིག་གནང་ཡོད་པའི་སྐོར་དང་། མ་འོངས་པར་ཡང་མུ་མཐུད་ནས་གང་ཐུབ་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

དེ་ཉིན་དགོང་མོ་ཆུ་ཚོད་ ༩།༣༠ ཐོག་ལག་ནོ་ཁུལ་གྱི་གསར་འགོད་པ་གཉིས་དང་། བུད་མེད་ཁྲིམས་རྩོད་པ་གཅིག་བཅས་དང་ལྷན་ཐུག་འཕྲད་གནང་སྟེ། བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས། འཕགས་བོད་གཉིས་དབར་ཆོས་དང་རིག་གཞུང་སོགས་ཀྱི་འབྲེལ་བ། དེ་བཞིན་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་སོགས་ཀྱི་ཐོག་བགྲོ་གླེང་དང་། བཅར་འདྲིར་དང་ལེན་གནང་ཡོད་པ་བཅས།