བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཇ་མུ་ཀ་ཤི་མིར་ནང་ཕེབས་འབྱོར་བྱུང་བ་དང་། བོད་དོན་ཞུ་སྐུལ་གནང་ཕྱོགས་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་པ།

༄༅། ། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་བཅས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༧ ནས་ཕྱི་ཟླ་ ༩ ཚེས་ ༡༢ བར་རྒྱ་གར་བྱང་ཕྱོགས་ཇ་མུར་དང་ཀ་ཤི་མིར། ཤྲཱི་ན་གྷར། ལ་དྭགས་བཅས་སུ་བོད་དོན་ཞུ་སྐུལ་གྱི་ལས་དོན་དངོས་སུ་དབུ་འཛུགས་གནང་ཡོད།

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ནས་ཕེབས་ཐོན་གྱིས་ཉིན་གུང་ཇ་མུར་ལ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ཇ་མུར་ཧིན་བོད་མཛའ་འབྲེལ་ཚོགས་པས་ཕེབས་བསུ་སྣེ་ལེན་ཞུས་པ་དང་། ཉིན་རྒྱབ་ཇ་མུ་ཀ་ཤི་མིར་ཁུལ་གྱི་གསར་ཁང་ (PERFECT TIME LINE) དང་། དེ་བཞིན་ (JAMMU DASTAN NEWS) (J.L VISION) (THE KASHMIR TALK) བཅས་ཀྱི་གསར་འགོད་པ་འདུ་འཛོམས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཏེ།

ཐེངས་འདིའི་བོད་དོན་ཞུ་སྐུལ་ཕྱོགས་བསྐྱོད་ཀྱི་ལས་དོན་གཙོ་བོ་རྒྱ་གར་དབུས་སའི་གཞུང་དང་། མི་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་གནང་རྒྱུ་ཡིན་པ་དང་། དེའི་ཞུ་སྐུལ་ཆེད་རྒྱ་གར་མངའ་སྡེ་ཁག་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཆེད་བཅར་ཞུས་དང་ཞུ་མུས་ལྟར། ད་ལན་བོད་མི་མང་སྤྱི་འཐུས་རྣམ་པ་ས་གནས་ཇ་མུ་དང་ཀ་ཤི་མིར། ཤྲཱི་ན་གྷར། ལ་དྭགས་བཅས་སུ་ཕེབས་ཏེ། བོད་དོན་ཞུ་སྐུལ་གྱི་ལས་དོན་དངོས་སུ་དབུ་འཛུགས་གནང་ཡོད་པའི་སྐོར་གསར་འགོད་གསལ་བསྒྲགས་དང་། དེ་བཞིན་གསར་འགོད་པའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།