བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ལ་དྭགས་དང་། ཇ་མུ་ཀ་ཤི་མིར་མངའ་སྡེ་བཅས་ཀྱི་ནང་བོད་དོན་ཞུ་སྐུལ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༦ ནས་ཟླ་ ༩ པའི་ ༡༢ བར་ལ་དྭགས་དང་། ཇ་མུ་ཀ་ཤི་མིར་མངའ་སྡེ་བཅས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༢༦ ཉིན་བཞུགས་སྒར་རྡ་ས་ནས་ཇ་མུ་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༧ ནས་ ༣༡ བར་ས་གནས་སུ་ལས་རིམ། ཕྱི་ཟླ་ ༩ པའི་ཚེས་ ༢ ནས་ ༥ བར་ཀ་ཤི་མིར་མངའ་སྡེའི་ནང་ལས་རིམ། ཚེས་ ༧ ནས་ ༡༠ བར་ལ་དྭགས་ནང་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༡༡ ཉིན་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༡༢ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།