བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་དང་། ཀེ་ར་ལ་མངའ་སྡེ་བཅས་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༥ ནས་ ༢༤ བར་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་དང་། ཀེ་ར་ལ་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་ཕྱི་ཚེས་ ༡༦ ནས་ ༡༩ བར་ཏ་མིལ་ན་དུ་མངའ་སྡེའི་ནང་ལས་རིམ་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༡ ནས་ ༢༤ བར་ཀེ་ར་ལ་མངའ་སྡེའི་ནང་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས། །