བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ཨོ་ཌི་ཤ་དང་། ནུབ་བྷེང་གྷལ། འབྲས་ལྗོངས་མངའ་སྡེ་བཅས་ཀྱི་ནང་བོད་དོན་ཞུ་སྐུལ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན། དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་མང་ཚོགས་བཅས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༢ ནས་ ༣༠ བར་རྒྱ་གར་མངའ་སྡེ་ཨོ་ཌི་ཤ་ (Odisha) དང་། ནུབ་བྷེང་གྷལ་ (West Bengal) མངའ་སྡེ། འབྲས་ལྗོངས་མངའ་སྡེ་བཅས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༡༢ ཉིན་ལྡི་ལི་ནས་ཨོ་ཌི་ཤ་མངའ་སྡེའི་གྲོང་ཁྱེར་བྷུ་ཝ་ནེ་ཤི་ཝར་ (Bhubaneswar) ལ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ནས་ ༡༨ བར་ཨོ་ཌི་ཤ་མངའ་སྡེའི་ནང་ལས་རིམ། ཕྱི་ཚེས་ ༡༩ ནས་ ༢༥ བར་ནུབ་བྷང་གྷལ་མངའ་སྡེའི་ནང་ལས་རིམ། ཕྱི་ཚེས་ ༢༦ ནས་ ༣༠ བར་འབྲས་ལྗོངས་མངའ་སྡེའི་ནང་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས། །