བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྡེ་ར་ལྡུན་བདེ་སྐྱིད་གླིང་དུ་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྡེ་ར་སྡུན་བདེ་སྐྱིད་གླིང་དུ་ཉིན་གྲངས་ལྔའི་རིང་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དེ་བཞིན་ལེགས་གྲུབ་ཀྱིས་མཇུག་བསྒྲིལ་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་ནང་སྡེ་ར་ལྡུན་བདེ་སྐྱིད་གླིང་དང་། སྤོན་ཊ་ཆོལ་གསུམ། ཧར་པ་སྤུར། ཀུམ་རའོ། ས་ཊོན་ཁམས་ཀཿཐོག སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་དང་། ས་འཐུས་རྣམ་པ། སྡེ་ར་ལྡུན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི། དོན་གྲུབ་གླིང་གི་དོ་དབྱིངས་ཅན་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༣༢  མཉམ་ཞུགས་གནང་ཡོད

དེ་ཡང་ཕྱི་ཚེས་ ༢༢ ཉིན་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་སྐོར་དང་།

ཕྱི་ཚེས་ ༢༣ ཉིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་འགོཁག དེ་བཞིན་དཔལ་འབྱོར་གྱི་ལས་དོན་བཅས་ཀྱི་ཐོག་ཟབ་ཁྲིད་གནང་་བ་དང་། ཕྱི་དྲོ་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཟབ་ཁྲིད་གནང་འཕྲོས་རྣམས་གནང་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་ཟབ་འཁྲིད་གནང་མཁན་སྤྱི་འཐུས་རྣམ་གཉིས་ཀྱིས་ལམ་སྟོན་འོག ཚོགས་ཞུགས་བ་རྣམས་ནས་ཕྱི་ཚེས་ ༢༥ དང་ ༢༦ བཅས་ཉིན་གཉིས་རིང་གི་མརཁྲིད་གྲོས་ཚོགས་གནང་རྒྱུའི་ལས་རིམ་ཡིག་ཆ་ཁག་དང་ལས་རིམ་བཅས་གྲ་སྒྲིག་གནང་སྒོ་ཁག་གནང་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་གཙོ་བོ་ལོ་འཁོར་སྔོན་རྩིས་ང་། ཕྱི་ཚེས་ ༢༦ ཉིན་ས་གནས་ཀྱི་ལོ་འཁོར་ལས་བསྡོམས་བཅས་ཀྱི་ཐོག ས་གནས་འཐུས་ཚོགས་དངོས་སུ་ཚོགས་པ་ལྟར། ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ། ཚོགས་འདུ་དབུ་འཛུགས་དང་མཇུག་བསྡོམས་ཀྱི་ཚོགས་གཙོའི་གསུང་བཤད། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་བསྐོ་གཞག་གིས་མཚོན། ས་གནས་སོ་སོའི་ས་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་པ་རིམ་པས་ལས་རིམ་གཙོ་སྐྱོང་ཐོག གཞུང་འབྲེལ་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད།

སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན། ཐུགས་སྣང་གཞེན་བསྐུལ། ས་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར། ས་གནས་འགོ་འཛིན་གྱི་གསལ་བཤད། བགྲོ་གླེང་དགོས་པའི་གྲོས་འཆར། ཁྲིམས་བཟོའི་ལས་དོན། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ། གཏོང་ལེན་ཁྲིམས་ཡིག་སོགས་དཔེ་མཚོན་གྱི་ཡིག་ཆ་ཁག་ཡོད་པའི་ཐོག་ལས་རིམ་བསྐྱངས་ཡོད་པ་དང་། དམར་ཁྲིད་ལས་རིམ་སྐབས་ཟབ་སྦྱོང་བ་རྣམ་པ་ཚང་མས་ཐུགས་སྣང་ཆེན་པོས་མཉམ་ཞུགས་དང་ཆ་ཤས་བླངས་ཡོད་པ་དང་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་སྐབས་དུས་སོ་སོར་སྐྱོན་གནད་ཡོ་བསྲང་གི་སློབ་སྟོན་གནང་ཡོད།

ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོའི་ཐོག་ཟབ་འཁྲིད་གནང་མཁན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་རྣམ་གཉིས་ཟབ་ཁྲིད་གནང་བའི་སྐབས་སུ་ཟབ་སྦྱོང་བ་རྣམ་པས་ཟབ་འཁྲིད་སྐབས་ཐུགས་སྣང་ཆེན་པོ་གནང་བ་དང་། དེ་བཞིན་དམར་ཁྲིད་ཟབ་སྦྱོང་གི་ལས་རིམ་ཡིག་ཆ་བཟོ་སྐབས་དང་། ཚོགས་འདུ་གཙོ་སྐྱོང་སོགས་ཀྱི་ཐོག་ཆ་ཤས་ཡག་པོ་བཞེས་ཡོད་པར་བསྔགས་བརྗོད་གནང་བ་དང་འབྲེལ། མ་འོངས་པར་ས་གནས་ཀྱི་ལས་དོན་ཚགས་ཚུད་ཡོང་སླད་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་གལ་ཆེན་པོ་ཡིན་པ་སོགས་ཀྱི་གསུང་བཤད་དང་། དེ་བཞིན་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་ནས་ད་རེས་ཀྱི་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་ཚོར་བསྔགས་བརྗོད་དང་སྦྲགས། ཟབ་སྦྱོང་གི་གོ་སྐབས་འདི་བརྒྱུད་མ་འོངས་པར་ས་གནས་ས་ཐོག་ཏུ་ཕྱག་བསྟར་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་འདུག

ཟབ་སྦྱོང་གི་ཉིན་མཐའ་མ་ཕྱི་ཚེས་ ༢༦ ཉིན་གྱི་དགོང་དྲོར་ཚོགས་བཅར་བ་ཡོངས་ལ་དགའ་སྐྱེལ་གསོལ་སྟོན་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། སྐབས་དེར་བདེ་སྐྱིད་གླིང་ཁུལ་གིགཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་གནད་ཡོད་མི་སྣ་ཁག་ཅིག་མགྲོན་འབོད་ཞུས་པ་ལྟར་ལྷན་འཛོམས་ཀྱིས་དགོང་ཚིགས་གསོལ་སྟོན་ལེགས་པར་གྲུབ་རྗེས། ཐེངས་འདིའི་ཟབ་སྦྱོང་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །