བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྦིར་བོད་ཚོགས་སུ་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྦིར་བོད་ཚོགས་སུ་ཉིན་གྲངས་ལྔའི་རིང་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད་འདུག

ཐེངས་འདིའི་ཟབ་སྦྱོང་ནང་སྦིར་སྡེ་དགེ་དང་། སྦིར་ནང་ཆེན་ཅོན་ཊ་ར། སྦིར་བོད་ཚོགས། ཀུ་ལུ། མན་ཌི་བཅས་ཀྱི་ས་འཐུས་དང་། ས་གནས་འགོ་འཛིན་རྣམ་པ་མཉམ་ཞུགས་གནང་ཡོད།

དེ་ཡང་ཟབ་སྦྱོང་གི་ཉིན་དང་པོ་དང་། གཉིས་པའི་སྐབས། ཟབ་འཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས།  དངུལ་རྩིས་སྟངས་འཛིན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་འགོ་ཁག་བཅས་ཀྱི་ཐོག་ཟབ་འཁྲིད་གནང་བ་དང་།

ཉིན་གསུམ་པར་ཟབ་འཁྲིད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ལམ་སྟོན་འོག ཟབ་སྦྱོང་བ་རྣམ་པས་ཉིན་རྗེས་མ་གཉིས་ཀྱི་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་དང་། འབྲེལ་ཆགས་ཡིག་ཆ་ཁག་བཟོ་རྒྱུའི་འོག་གྲབས་གནང་ཡོད།

ཉིན་བཞི་པ་དང་། ལྔ་པའི་སྐབས། ས་འཐུས་ཚོགས་གཙོ་རྣམ་པ་རེས་མོས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། དེ་ཡང་ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། དེ་རྗེས་རིམ་པས་ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ།  ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་བཅས་གནང་བ་སོགས་ གྲོས་ཚོགས་དངོས་སུ་ཚོགས་པ་ལྟར་དམར་ཁྲིད་ལས་རིམ་བསྐྱངས་ཡོད་ཅིང་། དམར་ཁྲིད་གྲོས་ཚོགས་ཉིན་གཉིས་ཀྱི་ཚོགས་འདུའི་སྐབས་ཚོགས་བཅར་བ་རྣམ་པས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་དང་། སྐར་རྟགས་ཅན་གྱི་དྲི་བ། ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར། ལོ་འཁོར་ལས་བསྡོམས། སྔོན་རྩིས་གསུང་བཤད་སོགས་སྔོན་རྩིས་གྲོས་ཚོགས་དང་། སྤྱིར་བཏང་གྲོས་ཚོགས་བཅས་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་ཡིག་ཆ་ཁག་གཏན་འབེབས་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། ཚོགས་འདུའི་འགྲོ་ལུགས་ཀྱི་སྒྲིག་གཞི་དང་། སྔོན་རྩིས་གཏན་འབེབས་བྱེད་ཕྱོགས་ཀྱི་ལས་རིམ་ཐོག་ནོར་འཁྲུལ་ཤོར་ཚེ། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་རྣམ་གཉིས་ཀྱིས་སྐབས་དུས་སོ་སོར་སྐྱོན་གནད་ཡོ་བསྲང་གི་སློབ་སྟོན་གནང་ཡོད་འདུག

དེ་རྗེས་ཟབ་སྦྱོང་དང་འབྲེལ་བའི་བསམ་ཚུལ་བསྡུ་ལེན་གྱི་ལས་རིམ་ཞིག་བསྐྱངས་པའི་ཐོག ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམ་པས་མ་འོངས་པར་གཞིས་ཆགས་བཞི་དང་། ལྔ་སོགས་མཉམ་བསྡུས་མིན་པར། གཞིས་ཆགས་རེ་རེ་སོ་སོར་ལོགས་སུ་ཟབ་སྦྱོང་གནང་ཐུབ་ན་དགེ་མཚན་ཆེ་སྐོར་གསུངས་འདུག

མཐར་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་ཤིང་། སྐབས་དེར་སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་ཀརྨ་རྣམ་རྒྱལ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་གནས་སུ་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། ཟབ་འཁྲིད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། སྔོན་རྩིས་ཀྱི་སྒྲིག་གཞི་སོགས་ཀྱི་ཐོག་ཟབ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ད་རེས་ཟབ་སྦྱོང་གནང་བ་བརྒྱུད་ས་འཐུས་རྣམ་པས་མ་འོངས་པར་ཚོགས་འདུའི་འགྲོ་ལུགས་ཀྱི་སྒྲིག་གཞི་རྣམས་ལག་བསྟར་མཐིལ་ཕྱིན་ཡོང་བ་དང་། ས་འཐུས་གསར་པ་རྣམས་ལའང་ལམ་སྟོན་གནང་ཐུབ་པ། དེ་བཞིན་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་དང་། ལྷག་པར་དུ་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་གྱི་ལས་དོན་ཚགས་ཚུད་ཡོང་རྒྱུར་ཕན་རླབས་ཆེན་པོ་བྱུང་ཡོད་སྐོར་གསུངས་པ་དང་།

ས་འཐུས་ཚོགས་གཙོ་རྒྱལ་པོ་དོན་གྲུབ་ལགས་ཀྱིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གཞིས་ཆགས་ཁག་ལྔའི་ཚབ་ཞུས་ཏེ། ཟབ་འཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་དུས་ཚོད་བཏོན་ཏེ་ས་འཐུས་ཟབ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་དམར་ཁྲིད་ལས་རིམ་ཐོག་ནས་ས་འཐུས་རྣམ་པར་སྦྱོང་བརྡར་ཡག་པོ་བྱུང་ཡོད་པ་དང་། དེས་མ་འོངས་པར་ས་འཐུས་ཚོགས་འདུ་བསྐྱང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ངེས་ཡིན་སྐོར་གསུངས་པ་དང་། གཞན་ཡང་ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ནས་ཟབ་སྦྱོང་སྐབས་ཆ་ཤས་གང་ལེགས་བཞེས་པ་དང་། དམིགས་བསལ་སྦིར་བོད་ཚོགས་ཀྱི་ཚོགས་པའི་ཚོགས་གཙོ་དང་། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ནས་ཟབ་སྦྱོང་ཐོག་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་མ་འོངས་པར་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུ་ཚགས་ཚུད་ཡོང་རྒྱུའི་ཐོག་དགོངས་ཚུལ་དང་། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ནས་ཟབ་སྦྱོང་སྐབས་དོ་སྣང་ཆེན་པོས་ཆ་ཤས་གང་ལེགས་བཞེས་པར་བསྔགས་བརྗོད་གནང་བ་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ས་འཐུས་དང་། ས་གནས་འགོ་འཛིན་རྣམ་པ་ཡོངས་དང་། ལྷག་པར་དུ་སྦིར་བོད་ཚོགས་ནས་ཟབ་སྦྱོང་ཐོག་མཐུན་འགྱུར་གནང་བར་བསྔགས་བརྗོད་དང་སྦྲགས། ས་གནས་ནས་ཟབ་སྦྱོང་དང་འབྲེལ་བའི་དགོངས་ཚུལ་ཕུལ་བ་ཁག་ལ་མཇུག་སྐྱོང་གནང་རྒྱུ་ཡིན་སྐོར་གསུངས་འདུག

རྩ་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ད་བར་བཞུགས་སྒར་རྡ་ས་དང་། ཨོ་རི་ས། ལ་དྭགས། སྒང་ཏོག ས་ལུ་སྒ་ར། ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་བཅས་ས་གནས་ཁག་དྲུག་ལ་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་ཟིན་པ་དང་། དེ་བཞིན་སྡེ་ར་ལྡུན་བདེ་སྐྱིད་གླིང་དུ་ས་འཐུས་ཟབ་སྦྱོང་ཐེངས་བདུན་པ་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། ད་རེས་སྦིར་བོད་ཚོགས་སུ་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་པ་དེ་བཞིན་ཐེངས་བརྒྱད་པ་ཆགས་ཀྱི་ཡོད་པ་དང་། ཟབ་སྦྱོང་དེར་མཐུན་འགྱུར་གནང་མཁན་འཇར་མན་རོགས་ཚོགས་ (FNF) ཡིན་འདུག

གཞན་ཡང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་དང་། སྦིར་ས་སྐྱ་འབྲི་རུ་བསམ་གྲུབ་ཆོས་འཁོར་གླིང་དགོན་པའི་སྐུ་ཚབ། སྦིར་ལི་ལི་ཚོགས་པའི་སྐུ་ཚབ་བཅས་ནས་ཟབ་འཁྲིད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ལ་སྣེ་ལེན་ཕེབས་བསུ་ཞུས་གནང་ཡོད་པ་བཅས། །