བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་རྒྱ་གར་ར་ཇ་སེ་ཐན་མངའ་སྡེའི་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ།

ར་ཇ་སེ་ཐན་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་ནི་ཤཱ་ པན་ཝར་ (Hon’ble MLA Smt. Manisha Panwar) མཆོག་དང་ལྷན།

༄༅། ། བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༨ ནས་ ༢༢ བར་རྒྱ་གར་ར་ཇ་སེ་ཐན་མངའ་སྡེའི་གྲོང་ཁྱེར་ཨུ་སྡེ་པུར་ (Udaipur) དང་། མ་འོང་ཊི་ ཨ་བྷུ། (Mt. Abu) ཇོཏ་པུར།(Jodhpur) ཨ་ཇེ་མེར།(Ajmer) ཇེ་སྤུར་ (Jaipur) སུད་ཚོང་ས་གནས་གཉིས།  སི་ཀར། (Sikar)  ཨལ་ཝར་ (Alwar) བཅས་ཀྱི་བོད་མི་སུད་ཚོང་བའི་ས་གནས་སུ་རིམ་པས་ཆེད་ཕེབས་ཀྱིས་སུད་ཚོང་བ་མི་མང་རྣམས་ཐུག་འཕྲད་དང་། གནས་སྟངས་གཟིགས་ཞིབ་གནང་རྗེས། ར་ཇ་སེ་ཐན་མངའ་སྡེའི་ནང་གི་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།

ར་ཇ་སེ་ཐན་མངའ་སྡེའི་ནང་ཡོད་པའི་བོད་མི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

སུད་ཚོང་མི་མང་རྣམས་སོ་སོར་ཐུག་འཕྲད་སྐབས། སྤྱི་འཐུས་མཆོག་གིས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐོར། བོད་ནང་གི་ཛ་དྲག་གནས་སྟངས། མང་གཙོའི་སྒྲོམ་གཞི་དང་། བོད་མིའི་ལས་འགན་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག

ར་ཇ་སེ་ཐན་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧེན་དྷར་ ཝི་ཤ་ནོཡེ་ (Hon’ble MLA Shri. Mahendra Vishnoi) མཆོག་དང་ལྷན།

གཞན་ཡང་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་ར་ཇ་སེ་ཐན་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་ནི་ཤཱ་ པན་ཝར་ (Hon’ble MLA Smt. Manisha Panwar) མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་སུར་ཡ་ ཀན་ཊ་ ཝིཡ་ས་ (Hon’ble MLA Smt. Surya Kanta Vyas) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧེན་དྷར་ ཝི་ཤ་ནོཡེ་ (Hon’ble MLA Shri. Mahendra Vishnoi) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་མལ་ཀན་ སིངྒ་ བྷི་ཤ་ནོཡེ་ (former Hon’ble MLA Shri. Malkan Singh Bishnoi) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་དང་། རྒྱ་དཀར་ནག་དབར་གྱི་འབྲེལ་བའི་སྐོར་ཞུས་པ་དང་།

ར་ཇ་སེ་ཐན་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་མལ་ཀན་ སིངྒ་ བྷི་ཤ་ནོཡེ་ (Former Hon’ble MLA Shri. Malkan Singh Bishnoi) མཆོག་དང་ལྷན།

དེ་བཞིན་མངའ་གཞུང་ནས་མི་ལོ་བཅུ་ཕྲག་དུ་མའི་རིང་ས་གནས་བོད་མི་སུད་ཚོང་བ་རྣམས་ལ་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ས་བགོས་ཕྱོགས་བསྐྱོད་སྐབས་ས་གནས་བོད་མི་སུད་ཚོང་བ་ཚོས་སྤྱི་འཐུས་མཆོག་ལ་བདེ་སྡུག་གང་ཞུས་པ་རྣམས་མངའ་སྡེའི་དཔོན་རིགས་རྣམས་ལ་སྙན་སེང་དང་། མངའ་གཞུང་ནས་འབྱུང་འགྱུར་དཀའ་སེལ་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་གནང་འདུག


གཞན་ཡང་སྤྱི་འཐུས་མཆོག་གིས་ས་གནས་ཀྱི་གསར་འགོད་པ་ཁག་ཅིག་དང་ལྷན་ཐུག་འཕྲད་ཀྱིས་ཐེངས་འདིའི་ར་ཇ་སེ་ཐན་མངའ་སྡེའི་ནང་གི་ལས་རིམ་ཁག་དང་། བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག

ར་ཇ་སེ་ཐན་མངའ་སྡེའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་སྐབས།   ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་རེ་ཤམ་ བྷ་ལ་ (Smt. Resham Bala) ལགས་དང་། དྲུང་ཆེ་སྐུ་ཞབས་ཨིག་ཝལ་ སའོ་དྷ་གྷར་ (Shri. Iqbal Saudagar) ལགས་རྣམ་གཉིས་ཀྱིས་མཐུན་འགྱུར་གང་ལེགས་གནང་འདུག་པ་བཅས།