བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་རྒྱ་གར་གུ་ཇ་རཱ་ཏ་མངའ་སྡེའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ།

གུ་ཇུ་རཏ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་དང་། རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནར་ཧ་རི་ ཨེ་མིན་ (Shri. Narhari Amin, Hon’ble MP Rajya Sabha and former Deputy CM) མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་འབུལ་བཞིན་པ།

༄༅། ། བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༥ ནས་ ༡༧ བར་རིམ་པས་རྒྱ་གར་གུ་ཇ་རཱ་ཏ་མངའ་སྡེའི་གྲོང་ཁྱེར་ཨེ་ཧམྡ་བྷཱད་དང་། གྷན་དྷི་ན་གྷར། སུ་ར་ཏ། བྷ་རོ་ཊ་བཅས་ཀྱི་བོད་མི་སུད་ཚོང་བའི་ས་གནས་སུ་གཟིགས་ཞིབ་དང་།  སུད་ཚོང་བ་རྣམས་སོ་སོར་ཐུག་འཕྲད། དེ་བཞིན་མངའ་སྡེའི་སྤྱི་ཚོགས་དྲང་བདེན་དང་། ནུས་སྟོབས་གོང་སྤེལ་ལྷན་ཁང་གི་བློན་ཆེན་མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི། མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་བཅས་གནང་རྗེས། གུ་ཇ་རཱ་ཏ་མངའ་སྡེའི་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

གུ་ཇུ་རཱ་ཏ་མངའ་སྡེའི་སྤྱི་ཚོགས་དྲང་བདེན་དང་། ནུས་སྟོབས་གོང་སྤེལ་ལྷན་ཁང་གི་བློན་ཆེན་ལྕམ་སྐུ་བྷ་ནུ་བེན་ བྷ་བྷ་རི་ཡ་ (Hon’ble Cabinet Minister Smt. Bhanuben Babariya, Department of Social Justice and Empowerment) མཆོག་དང་མཇལ་མོལ་གནང་སྐབས།

དེ་ཡང་ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༡༤ ཉིན་ལྡི་ལི་ནས་གུ་ཇུ་རཱ་ཏ་མངའ་སྡེའི་གྲོང་ཁྱེར་ཨེ་ཧམྡ་བྷཱད་ (Ahmedabad) ལ་ཕེབས་ཐོན་གནང་ཞིང་། ཕྱི་དྲོ་ས་གནས་སུ་འབྱོར་མཚམས། ཨེ་ཧམྡ་བྷཱད་བོད་མིའི་སུད་ཚོང་ཚོགས་པའི་ཚོགས་མི་དང་། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མིཏ་ ཇོཡེ་ཊི་ཀར་ (Dr. Amit Joytikar) ལགས་བཅས་ནས་གནམ་ཐང་ནས་སྣེ་ལེན་དང་། དགོང་མོ་སུད་ཚོང་ས་གནས་སུ་གཟིགས་སྐོར་ཕེབས་གནང་འདུག

ཨེ་ཧམྡ་བྷཱད་ (Ahmedabad) བོད་མི་སུད་ཆོང་བ་རྣམས་དང་ལྷན།

ཕྱི་ཚེས་ ༡༥ ནས་གཞུང་འབྲེལ་ས་བགོས་ཀྱི་ལས་རིམ་དངོས་སུ་དབུ་འཛུགས་ཀྱིས་ཐོག་མར་ཨེ་ཧམྡ་བྷཱད་བོད་མིའི་སུད་ཚོང་ཁྲོམ་ས་ཁག་ལ་གཟིགས་ཞིབ་གནང་རྗེས། སུད་ཚོང་བ་རྣམས་ཐུག་འཕྲད་དང་། དེ་རྗེས་གྷན་དྷི་ན་གྷར་ (Gandhinagar) བོད་མིའི་སུད་ཚོང་ས་གནས་སུ་ཆེད་ཕེབས་ཀྱིས་སུད་ཚོང་བ་རྣམས་དང་ཐུག་འཕྲད་བཅས་གནང་ཡོད་ཅིང་། སུད་ཚོང་མི་མང་ཐུག་འཕྲད་སྐབས་སོ་སོར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་གསུང་བཤད་དང་། མི་མང་གི་བདེ་སྡུག་གསན་ཞིབ། དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

གུ་ཇ་རཱ་ཏ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌི་ནེ་ཤི་སིང་ ཨར་ ཀུ་ཤ་ཝ་ཧ་ (Shri Dineshsinh R Kushwaha, MLA for Bapunagar) མཆོག་དང་མཇལ་འཕྲད་སྐབས།

གཞན་ཡང་དེ་ཉིན་སྤྱི་འཐུས་མཆོག་གིས་གུ་ཇ་རཱ་ཏ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌི་ནེ་ཤི་སིང་ ཨར་ ཀུ་ཤ་ཝ་ཧ་ (Shri Dineshsinh R Kushwaha, MLA for Bapunagar) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བོད་དོན་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་དང་། གཞན་ཡང་རྒྱ་དཀར་ནག་དབར་གྱི་འབྲེལ་བའི་སྐོར་བཀའ་བསྡུར་གནང་འདུག

གྷན་དྷི་ན་གྷར་བོད་མི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།

དེ་ཉིན་གྷན་དྷི་ན་གྷར་ཁུལ་གྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། གུ་ཇ་རཱ་ཏ་གྲོང་ཁྱེར་སུ་རཏ་ (Surat) ཕྱོགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། སུ་རཏ་བོད་མི་སུད་ཚོང་བ་རྣམས་ནས་ཕེབས་བསུའི་སྣེ་ལེན་དང་།

སུ་རཏ་བོད་མི་སུད་ཚོང་བ་རྣམས་ཀྱི་བདེ་སྡུག་གསན་ཞིབ་གནང་སྐབས།

ཕྱི་ཚེས་ ༡༦ ཉིན་སྔ་དྲོ་སུ་རཏ་བོད་མི་སུང་ཚོང་བ་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་དང་། ས་གནས་ཀྱི་བདེ་སྡུག་གསན་ཞིབ་བཅས་གནང་རྗེས། བྷ་རོ་ཊ་ (Baroda) ཕྱོགས་སུ་ཕེབས་ཐོན་གནང་ཡོད།

བྷ་རོ་ཊ་མཐོ་སློབ་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས།

དེ་ཉིན་བྷ་རོ་ཊ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག སྤྱི་འཐུས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་བོད་དོན་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཐོག་གཞོན་སྐྱེས་ཚོའི་འགན་འཁྲིའི་སྐོར་ངོ་སྤྲོད་དང་། ལྷག་པར་དུ་བོད་མི་ཞིག་ཡིན་པའི་ཆ་ནས་འགན་འཁུར་འཕར་མ་གང་ཁུར་དགོས་པའི་ཐོག་གསུང་བཤད་གནང་རྗེས། བྷ་རོ་ཊ་བོད་མི་སུད་ཚོང་ས་གནས་སུ་ཆེད་ཕེབས་ཀྱིས་དགོང་དྲོ་སུད་ཚོང་བ་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་དང་། ས་གནས་མི་མང་གི་བདེ་སྡུག་གསན་ཞིབ་གནང་ཡོད།

བྷ་རོ་ཊ་མཐོ་སློབ་སློབ་ཕྲུག་རྣམས་དང་ལྷན།

དེ་ནས་ཨེ་ཧམྡ་བྷཱད་ཕྱོགས་ལ་ཕེབས་ཐོན་གནང་སྟེ། ས་གནས་ཀྱི་གསར་འགོད་པ་ཁག་ཅིག་དང་ལྷན་ཐུག་འཕྲད་ཀྱིས་ཐེངས་འདིའི་གུ་ཇ་རཱ་ཏ་མངའ་སྡེའི་ནང་གི་ལས་རིམ་ཁག་དང་། བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག

གུ་ཇུ་རཱ་ཏ་མངའ་སྡེའི་སྤྱི་ཚོགས་དྲང་བདེན་དང་། ནུས་སྟོབས་གོང་སྤེལ་ལྷན་ཁང་གི་བློན་ཆེན་ལྕམ་སྐུ་བྷ་ནུ་བེན་ བྷ་བྷ་རི་ཡ་ (Hon’ble Cabinet Minister Smt. Bhanuben Babariya, Department of Social Justice and Empowerment) མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་འབུལ་བཞིན་པ།

ཕྱི་ཚེས་ ༡༧ ཉིན་སྤྱི་འཐུས་མཆོག་གིས་གུ་ཇུ་རཱ་ཏ་མངའ་སྡེའི་སྤྱི་ཚོགས་དྲང་བདེན་དང་། ནུས་སྟོབས་གོང་སྤེལ་ལྷན་ཁང་གི་བློན་ཆེན་ལྕམ་སྐུ་བྷ་ནུ་བེན་ བྷ་བྷ་རི་ཡ་ (Hon’ble Cabinet Minister Smt. Bhanuben Babariya, Department of Social Justice and Empowerment) མཆོག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་དང་། རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནར་ཧ་རི་ ཨེ་མིན་ (Shri. Narhari Amin, Hon’ble MP Rajya Sabha and former Deputy CM) མཆོག་རྣམ་གཉིས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། ད་བར་མངའ་སྡེའི་གཞུང་ནས་བོད་མི་སུད་ཚོང་བ་རྣམས་ལ་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་།  དེ་བཞིན་ས་བགོས་ཕྱོགས་བསྐྱོད་སྐབས་ས་གནས་བོད་མི་སུད་ཚོང་བ་ཚོས་སྤྱི་འཐུས་མཆོག་ལ་བདེ་སྡུག་གང་ཞུས་པ་རྣམས་མངའ་སྡེའི་དཔོན་རིགས་རྣམ་གཉིས་ལ་སྙན་སེང་དང་། མངའ་གཞུང་ནས་འབྱུང་འགྱུར་དཀའ་སེལ་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བར། ཁོང་རྣམ་པའི་ངོས་ནས་གང་ཐུབ་གནང་རྒྱུའི་ཞལ་བཞེས་དང་། མངའ་སྡེའི་ནང་ཡོད་པའི་བོད་མི་སུད་ཚོང་བ་རྣམ་པས་བཟང་སྤྱོད་ཐོག་ཚོང་ལས་གཉེར་བཞིན་པར་བསྔགས་བརྗོད་གནང་འདུག

བྷ་རོ་ཊ་བོད་མི་སུད་ཚོང་བ་རྣམས་དང་ལྷན།

གུ་ཇ་རཱ་ཏི་མངའ་སྡེའི་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་སྐབས། སྤྱི་འཐུས་མཆོག་གིས་གསུང་བཤད་ཐེངས་ ༥ གནང་ཡོད་པ་དང་། ཐེངས་འདིའི་སུད་ཚོང་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་སྐོར། བཙན་བྱོལ་བོད་མིའི་ལས་འགན། བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་དང་། གདོང་ལེན་གནང་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་འདུག

ཨེ་ཧམྡ་བྷཱད་བོད་མི་སུད་ཚོང་བའི་བདེ་སྡུག་གསན་ཞིབ་གནང་སྐབས།

ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །

གུ་ཇུ་རཏ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་དང་། རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནར་ཧ་རི་ ཨེ་མིན་ (Shri. Narhari Amin, Hon’ble MP Rajya Sabha and former Deputy CM) མཆོག་དང་ལྷན།
གྷན་དྷི་ན་གྷར་བོད་མི་སུད་ཚོང་བ་རྣམས་དང་ལྷན།
སུ་ར་ཏ་བོད་མི་སུད་ཚོང་བ་རྣམས་དང་ལྷན།
བྷ་རོ་ཊ་བོད་མི་སུད་ཚོང་བ་རྣམས་ལ་གསུང་བཤད་གནང་སྐབས།
བྷ་རོ་ཊ་བོད་མི་སུད་ཚོང་བ་རྣམས།