བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༣ ནས་ཚེས་ ༣༠ བར་རྒྱ་གར་རྒྱལ་ས་ལྡི་ལི་དང་། ཉེ་འཁོར་སུད་ཚོང་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་མཆོག་ཕྱི་ཚེས་ ༡༣ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ནས་ ༢༡ བར་ལྡི་ལི་ས་འགོའི་ཁྱབ་ཁོངས་བོད་མིའི་སུད་ཚོང་ས་གནས་ཁག་ལ་ལས་རིམ། ཕྱི་ཚེས་ ༢༢ ནས་ ༢༣ བར་སྡེ་ར་ལྡུན་ས་འགོའི་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་ལ་ལས་རིམ། ཕྱི་ཚེས་ ༢༤ ནས་ ༢༩ བར་རྒྱལ་ས་ལྡི་ལིར་རྒྱ་གར་དཔོན་རིགས་ཁག་ཅིག་མཇལ་འཕྲད་དང་། ས་གནས་སུ་གནས་སྡོད་བོད་མི་རྣམས་ཐུག་འཕྲད་གནང་རྒྱུ།  ཕྱི་ཚེས་ ༣༠ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །