བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་གཉིས་དང་། གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ པའི་ཚེས་ ༢༦ བོད་དོན་ཞུ་སྐུལ་ཉིན་བཞི་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ཚོགས་མི་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་བཅས་ཀྱིས་རྒྱ་གར་མཁའ་ལམ་དང་འགྲིམ་འགྲུལ་གཅིག་ལྕོགས་ཀྱི་བློན་ཆེན་དང་། གྲོས་ཚོགས་འཐུས་མི།  རྐང་དམག་དམག་དཔོན་ཟུར་པ་སྐུ་ཞབས་ཝི་ཇེ་ ཀུ་མར་ སིངྒ་ (Shri. Vijay Kumar Singh, Minister of Civil Aviation and Minister of State for Road Transport and Highways) མཆོག་དང་ལྷན་མཇལ་འཕྲད་དང་།

དེ་བཞིན་ཚོགས་ཆུང་གཉིས་པའི་ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་བཅས་དང་། དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་གསལ་སྒྲོན་ལགས་བཅས་ནས་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཨ་ཇེ་ ཀུ་མར་ མི་ཤ་རཱ་ (Shri Ajay Kumar Mishra, Minister of State for Home Affairs of India) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།

གཞན་ཡང་ཚོགས་ཆུང་གཉིས་ཐུན་མོང་ཐོག་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལས་ཐོག་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཇའེ་རམ་ རཱ་མེ་ཤི་ (Shri. Jayram Ramesh, Member of Rajya Sabha) མཆོག་དང་།

རྒྱ་གར་ཡུ་པི་མངའ་སྡེ་ནས་ཡིན་པ་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་ཤོག་ བྷ་ཇི་ བྷ་ཡེ་ (Shri Ashok Bajpai, Member of Rajya Sabha) མཆོག་རྣམ་གཉིས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།

བློན་ཆེན་རྣམ་པ་མཇལ་འཕྲད་སྐབས། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཐོག་མར་འཚམས་འདྲིའི་མཇལ་དར་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། ཨིན་སྐད་ཐོག་ཡོད་པའི་༧གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དཔེ་དང་། བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པའི་ཕྱག་དཔེ་བཅས་སོ་སོར་ཕུལ་རྗེས། སྤྱི་འཐུས་རྒྱུན་ལས་ངོས་ནས་གཏན་འབེབས་ལྟར་ཞུ་སྐུལ་སྙན་ཞུ་ཕུལ་གནང་འདུག གཞན་ཡང་སྐབས་དེར་རྒྱ་གར་མཁའ་ལམ་དང་འགྲིམ་འགྲུལ་གཅིག་ལྕོགས་ཀྱི་བློན་ཆེན་དང་། གྲོས་ཚོགས་འཐུས་མི། རྐང་དམག་དམག་དཔོན་ཟུར་པ་སྐུ་ཞབས་ཝི་ཇེ་ ཀུ་མར་ སིངྒ་མཆོག་གིས་ཁོང་ཉིད་ཕྱི་ལོ ༢༠༠༩ ལོར་ལྷ་སར་ཕེབས་མྱོང་བ་མ་ཟད། ཕོ་བྲང་པོ་ཏ་ལའི་ནང་དུ་མཆོད་མཇལ་དུ་ཕེབས་པའི་སྐོར་སོགས་གསུངས་པ་མ་ཟད། ཕྱོགས་གང་ཐད་ནས་ལམ་སྟོན་གནང་འདུག་པ་བཅས། །