བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་སྐུལ་ཉིན་གསུམ་པར་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ པའི་ཚེས ༢༤ བོད་དོན་ཞུ་སྐུལ་ཉིན་གསུམ་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ཚོགས་མི་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་དང་། དེ་བཞིན་ཚོགས་ཆུང་གཉིས་པའི་ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་གསལ་སྒྲོན་ལགས་བཅས་ནས་བྷི་ཧར་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་། དེ་བཞིན་དགེ་རྒན་ཆེན་མོ་དང་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་མཱ་ནོ་ཇི་ ཀུ་མར་ ཇཱ་ (Shri Manoj Kumar Jha, member of Rajya Sabha from Bihar (Rashtriya Janta Dal)) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

དེ་ཡང་ཐོག་མར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སྐུ་ཞབས་ཁོང་ལ་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས། ཨིན་ཡིག་ཐོག་ཡོད་པའི་༧གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དཔེ་གཅིག་དང་། བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པའི་ཕྱག་དེབ་གཅིག་བཅས་ཕུལ་རྗེས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ངོས་ནས་གཏན་འབེབས་ལྟར་གྲོས་ཚོགས་འཐུས་མིར་དོན་ཚན་བཞིའི་ཐོག་ཞུ་སྐུལ་གནང་ཞིང་།
དེ་ཡང་དོན་ཚན་བཞི་ནི། ༡) རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱལ་སྤྱིའི་ཁྲིམས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡོད་པར་མ་ཟད་བརྩི་སྲུང་དགོས་པ། བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཙམ་མ་ཡིན་པར། རྒྱལ་སྤྱིའི་གནད་དོན་ཡིན་པར་ངོས་འཛིན་དང་དོ་ཁུར་བྱེད་དགོས་པ།
༢) རྒྱ་ནག་གིས་རྒྱ་གར་གྱི་བདེ་འཇགས་ལ་མུ་མཐུད་འཇིགས་སྣང་སྐུལ་བ་མ་ཟད། རྒྱ་གར་གྱི་ས་མཚམས་ལ་དཀའ་ངལ་བཟོས་དང་བཟོ་བཞིན་ཡོད། དེའི་ཕྱིར་བོད་ཀྱི་གནད་དོན་དེ་ཛ་དྲག་ཅིག་ཡིན་པ་དང་། ཁ་ཚ་དགོས་གཏུག་ཐོག་ནས་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་དགོས་པ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཚོས་གནད་དོན་དེ་དག་ལ་དོ་སྣང་མང་ཙམ་གནང་རོགས།
༣) བོད་རྒྱ་འབྲེལ་མོལ་སླར་གསོའི་ཆེད་དུ་རྒྱ་ནག་སྲིད་གཞུང་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་གྱི་གྲོས་མོལ་སླར་གསོ་བྱེད་པར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རོགས།
༤) རྒྱ་ནག་གིས་དཔལ་འབྱོར་ཁོ་ནའི་ཆེད་དུ་ཐབས་ཤེས་སྣ་ཚོགས་ཀྱིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་རྐྱེན་གྱིས། རྒྱ་གར་གཙོས་འཛམ་གླིང་ཁྱོན་ལ་གནོད་འཚེ་གཏོང་བཞིན་ཡོད་པས། དེའི་ཕྱིར་བོད་ཀྱི་ཁོར་ཡུག་ལ་དོ་སྣང་མང་ཙམ་གནང་རོགས། བཅས་ཡིན།

དེ་རྗེས། བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ཚོགས་མི་རྣམ་པས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇི་ཏི་ ཀུ་མར་ (Shri Sujeet Kumar, APIPFT Convener and Rajya Sabha MP from Odisha (BJD)) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ཐོག་མར་འཚམས་འདྲིའི་མཇལ་དར་དང་། སྤྱི་འཐུས་རྒྱུན་ལས་ནས་གཏན་འབེབས་གནང་བའི་ཞུ་སྐུལ་སྙན་ཞུ་ཕུལ་རྗེས། ད་རེས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་ལས་འགུལ་སྤེལ་སྐབས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྒྱུན་ལས་རྣམ་པ་ཚོགས་ཆུང་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་དང་། ཆབ་སྲིད་ཚོགས་པ་ཁག་གི་གནད་ཡོད་མི་སྣ་སུ་དང་སུ་མཇལ་འཕྲད་གནང་ཡོད་མེད་སྐོར་ཞུས་པ་མ་ཟད། འབྱུང་འགྱུར་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་ཐབས་ཡོང་བའི་ཞུ་སྐུལ་གནང་ཡོད་འདུག

དེ་བཞིན་བོད་མིའི་དགུན་ཚོང་བ་ཚོར་ས་ཆའི་དཀའ་ངལ་དང་། ས་གནས་ཀྱི་གནས་བབ་བཅས་ལ་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པར། སྐུ་ཞབས་ཁོང་གིས་གང་ཐུབ་གནང་འཆར་ཡོད་ལུགས་དང་། ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་ནང་རྒྱ་གར་གྲོས་ཚོགས་འཐུས་མི་གང་མང་གདན་ཞུས་གནང་སྟེ། ཁོང་གི་བཞུགས་གནས་སུ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོགས་འཆར་ཡོད་པའི་སྐོར་དང་། སྤྱི་འཐུས་རྒྱུན་ལས་རྣམས་ཀྱང་ཚོགས་འདུར་མཉམ་ཞུགས་དགོས་སྐོར་གསུངས་འདུག

གཞན་ཡང་བོད་དོན་ཞུ་སྐུལ་སྐུ་ཚབ་ཚོགས་ཆུང་ངོས་ནས། རྒྱ་གར་གཞུང་མང་གཉིས་ནས་ད་བར་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་དང་། བོད་མིར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེན་པོ་ཡིན་པ་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་དུ་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་མི་སེར་སྐྱ་རྒན་གཞོན་གྲངས་ ༡༥༧ ཙམ་གྱིས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པའི་སྐོར་སོགས་ད་ལྟ་བོད་ནང་འཕྲད་བཞིན་པའི་ཛ་དྲག་དཀའ་ངལ་གི་གནས་སྟངས་ཁག་ངོ་སྤྲོད་གནང་ཡོད་པ་མ་ཟད། ཐུགས་ཁུར་གནང་དགོས་པའི་འབོད་སྐུལ་ཡང་ཞུས་གནང་ཡོད་འདུག གཞན་ཡང་སྐུ་ཞབས་ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སོགས་ཀྱི་ཐོག་དོགས་འདྲི་གནང་བར་ལན་འདེབས་གསལ་བཤད་གནང་ཡོད།

དེ་བཞིན་ཚོགས་ཆུང་གཉིས་པའི་ཚོགས་མི་རྣམ་པས་རྒྱ་གར་ཡུ་པི་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇ་ཡན་ཊི་ སིངྒ་ (Shri Jayant Singh, Rajya Sabha MP from Uttar Pradesh) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག་པ་བཅས། །