བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་མཇུག་བསྒྲིལ་བ།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཉིན་ལྔའི་ཐབས་བྱུས་ཚོགས་འདུ་འདི་བཞིན་བོད་ཀྱི་འཐབ་རྩོད་ཆེད་ནུས་པ་མཉམ་སྤུངས་ཀྱི་སྙིང་སྟོབས་སླར་གསོའི་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༣ ཉིན་མཇུག་བསྒྲིལ་གནང་ཡོད་འདུག

དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་གཙོས་པའི་སྤྱི་འཐུས་རྣམ་པ་ཚང་འཛོམས་ཐོག་ཚོགས་འདུ་མཇུག་བསྒྲིལ་གྱི་མཛད་སྒོ་ཞིག་བསྐྱངས་ཡོད་པ་དང་།   སྐབས་དེར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་བར་སྤྱི་འཐུས་རྣམ་པས་དོ་སྣང་ཆེན་པོའི་ངང་ཚོགས་འདུར་མཉམ་ཞུགས་གནང་བར་བསྔགས་བརྗོད་གནང་བ་དང་། སྤྱི་འཐུས་རྣམ་པ་མི་མང་གི་སྐུ་ཚབ་ཡིན་པར་བརྟེན་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འགྱུར་བ་དང་གཅིག་སྒྲིལ་ཡོང་རྒྱུའི་ཐོག་དམིགས་བསལ་གྱི་འགན་འཕར་མ་ཡོད་སྐོར་གསུངས་སོང་། དེ་མ་ཟད་ཉིན་ལྔའི་ཚོགས་འདུའི་རིང་གནད་ཡོད་མི་སྣ་རྣམས་ཀྱིས་ཤེས་རྒྱ་དང་གོ་རྟོགས་གནང་བ་རྣམས་ཕན་རླབས་ཆེན་པོ་བྱུང་ཡོད་པའི་ཡིད་ཆེས་དང་། དེ་བཞིན་མང་གཙོའི་ལམ་སྲོལ་ནང་བསམ་ཚུལ་འདྲ་མིན་ཡོང་ངེས་ཡོད་ཀྱང་ནང་ཁུལ་གྱི་གནད་དོན་ཆུང་ཙག་ལ་མགོ་མ་འཁོར་བར་བོད་སྤྱི་པའི་འཐབ་རྩོད་ཐད་ནུས་པ་མཉམ་སྤུངས་གནང་དགོས་པའི་སྐོར་གསུངས་སོང་།

དེ་དང་སྦྲགས་སྤྱི་འཐུས་རྣམ་པ་ནས་འབྱུང་འགྱུར་ལོའི་ནང་ལས་འཆར་དང་བྱ་བཞག་ཐོག་བསམ་ཚུལ་གནང་བ་རྣམས་ལ་ཚོགས་གཙོ་སྦྲེལ་པོ་ནས་ནང་དོན་རྣམས་སོ་སོར་ཕྱོགས་བསྡོམས་ཀྱིས་ལག་བསྟར་གང་ཐུབ་གནང་རྒྱུ་ཡིན་པ་བཅས་དཔལ་ལྡན་ཚོགས་གཞོན་མཆོག་ནས་གསུངས།

ཉིན་ལྔའི་ཚོགས་འདུའི་ནང་མཁས་དབང་འདྲ་མིན་གྱི་གསུང་བཤད་དང་བོད་དོན་འཐབ་རྩོད་ཐད་བརྒྱུད་ལམ་དང་ལས་འཆར་གསར་པ་བརྩམ་དགོས་གལ་ཐོག་སྤྱི་འཐུས་རྣམ་པ་ནས་དོ་དབྱིངས་ལྡན་པའི་ཐོག་དྭོགས་འདྲི་དང་བཀའ་བསྡུར་ལྷུག་པོ་གནང་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱལ་སྤྱིའི་སྟེང་བོད་ཀྱི་ལོ་རྒྱུས་ཐོག་འཁྱོག་བཤད་གནང་བཞིན་ཡོད་པའི་ཐོག་བསམ་ཚུལ་བརྗེ་ལེན་གནང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱེད་སྒོ་དང་མ་འོངས་ལོ་བཞིའི་ནང་ལས་འཆར་བཅས་ཀྱི་ཐོག་བཀའ་བསྡུར་ལྷུག་པོ་བྱུང་འདུག

ཚོགས་འདུའི་ནང་བོད་མཐོ་སྒང་ཁོར་ཡུག་གི་གལ་གནད་སྐོར་བགྲོ་གླེང་གནང་འདུག རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དེ་བཞིན་རྩ་གཏོར་གཏང་བཞིན་ཡོད་པར་བརྟེན་དེའི་རྒྱུ་རྐྱེན་གྱིས་ཨེ་ཤའི་ནང་དང་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ཐད་དཀའ་ངལ་ཆེར་འཕྲད་ཡོང་རྒྱུ་ཡིན་པའི་ཐོག་བཀའ་བསྡུར་གནང་འདུག

དེ་མཚུངས་བོད་དོན་ཞུ་གཏུག་གིས་རྒྱ་གར་དང་རྒྱལ་ཁབ་གཞན་གྱིས་གནད་ཡོད་་མི་སྣ་དང་མི་མང་ལ་གོ་རྟོགས་སྤེལ་རྒྱུའི་ལས་འཆར། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཐོག་འཛམ་གླིང་གི་ཕྱོགས་གང་སར་བོད་ཀྱི་གནས་ཚུལ་ཁྱབ་སྤེལ་གནང་རྒྱུ་བཅས་ཀྱི་ཐོག་བསམ་ཚུལ་བརྗེ་ལེན་དང་བཀའ་བསྡུར་ལྷུག་པོ་གནང་འདུག

ད་ལན་གྱི་ཚོགས་འདུའི་ནང་ཨིན་ཡུལ་དང་སོ་ཀོ་ལེནཌ་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་སྐུ་མ་ག་རེཏ་ཀ་རེན་མཆོག་དང་། ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ཧར་ལལ་ནེ་རུ་གཙུག་ལག་མཐོ་སློབ་ཀྱི་རྒྱ་ཡིག་ཚན་པའི་་ནང་འགན་འཛིན་དང་སློབ་དཔོན་ཆེན་མོ་སྐུ་ཞབས་སི་རི་ཀནཌ། ཀོན་ཌ་པ་ལི་ (Prof. Srikanth Kondapalli) ལགས། རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་། རྒྱ་གར་སྲིད་འཛིན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་མཆོག་གི་རྒྱ་གར་རྒྱལ་ཡོངས་ཀྱི་སྲུང་སྐྱོབ་སློབ་སྟོན་པ་སྐུ་ཞབས་ཤིབ་ཤན་ཀར་མེ་ནོན་(Shivshankar Menon) ལགས། ORF མཁས་པ་ཚོགས་པའི་བདེ་སྲུང་དང་། ཐབས་བྱུས།

བཟོ་ལས་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་སྐུ་ར་ཇེཤ་ཝ་རི་པཱི་ལའི་ར་ཇ་གོ་པ་ལན་ (Dr. Rajeshwari Pillai Rajagopalan) ལགས། ཤིབ་ན་གར་གཙུག་ལག་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་སྐུ་ཞབས་འབུམ་རམས་པ་ཇ་བིན། ཇ་ཀོབ་ (Dr. Jabin Thomas Jacob) ལགས། ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ཧར་ལལ། ནེ་རུ་གཙུག་ལག་མཐོ་སློབ་ཀྱི་་སློབ་དཔོན་ཆེན་མོ་སྐུ་ཞབས་སློབ་དཔོན་མི་ལཔ། ཅནཌ ཤར་མ་ (Prof. Milap Chand Sharma) ལགས། Ananta Aspen Centre ཚོགས་པའི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཨིན་དྲ་ནི་བྷག་ཆི་ (Indrani Bagchi) ལགས་བཅས་མཁས་དབང་རྣམས་ནས་བརྗོད་གཞི་གལ་ཆེའི་ཐོག་གསུང་བཤད་གནང་ཡོད།

ཉིན་ལྔའི་ཐབས་བྱུས་ཚོགས་འདུ་དེ་བཞིན་འདི་ཟླའི་ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༢༣ བར་ལམ་ལྷོངས་ལྡན་པའི་ངང་མཇུག་བསྒྲིལ་བ་བཅས་ཀྱི་གནས་ཚུལ་དུ།།