བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པའི་ལས་དོན་དབུ་འཛུགས་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་གྲོས་ཆོད་ཨང་ ༢༠༢༢།༡༧།༣།༢༥ དང་། ཡིག་ཆ་ཨང་ ༢༥ པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༢༠ དང་། ༡༢༡ དགོངས་དོན་བཞིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཅུ་གཅིག་པའི་མི་འགྲོར། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་བཅས་བསྐོ་གཞག་གནང་ཡོད་པས། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། དྲུང་ཆེ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་བཅས་སུ་སྤྱི་མོས་ཀྱིས་ཐུགས་གཏན་ཁེལ་བ་དང་།

དེ་ནས་སྔ་དྲོ་ཆུ་ཚོད་ ༩།༤༥ ཙམ་གྱི་ཐོག་ཚོགས་ཆུང་གི་ཚོགས་མི་རྣམས་ནས་སྔར་སྲོལ་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གི་དྲུང་ནས་ལས་དོན་གནང་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས་དངོས་སུ་ལས་དོན་དབུ་འཛུགས་གནང་ཡོད་པ་བཅས། །