བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཀྱིས་རྒྱ་གར་ལྷོ་ཕྱོགས་སོགས་མངའ་སྡེ་ཁག་ཅིག་གི་ནང་ཞུ་གཏུག་ལས་འགུལ་སྤེལ་བ།

 

 

ལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ལས་འགུལ་ཚོགས་ཆུང་གིས་ཞུ་གཏུག་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༣ ཟླ་ ༡

ཚེས་ ༡ ཉིན་ནས་ཚེས་ ༢༥ བར་ཀ་ནཀྲ་ཀའི་མངའ་སྡེ་དང་། ཨུ་རྡར་པར་རྡེ་ཤེ། ཀེ་རེ་ལ། ཏ་མིལ་ནཱ་རྡུ།

པོན་ཌི་ཅི་རི་བཅས་མངའ་སྡེ་ལྔར་སྐོར་སྐྱོད་ཟིན་པ་དང་། ཞུ་གཏུག་ཐེངས་གཉིས་པ་ཟླ་འདིའི་ཚེས་ ༢༤

ནས་འགོ་བཙུགས་ཏེ། གྷོ་བ་མངའ་སྡེ། མ་ཧ་རྴ་ཀྲིན། གྷུ་ཇུ་རཏི་མངའ་སྡེ། ར་ཇི་སི་ཐན་མངའ་སྡེ་བཞི་ལ་

སྐོར་སྐྱོད་བྱ་རྒྱུ་ཡིན་ཞིང་། ཚེས་ ༢༤ ཉིན་གྷོ་བ་མངའ་སྡེའི་ཀ་ལེན་གྷོ་ཏྲི་ས་གནས་ལ་སྤྱི་འཐུས་འཇིགས་

མེད་འབྱུང་གནས་མཆོག་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག སྤྱི་

འཐུས་ཨ་ཀྲུག་ཚེ་བརྟན་མཆོག་བཅས་ལྷན་འཛོམས་ཀྱིས་ཁྲིམས་རྩོད་པ་བེ་ཀ་རམ་བེ་མར་མཆོག་དང་།

སྨན་པ་ཨ་ནི་ཏ་མཆོག་རྣམ་གཉིས་ལ་མཇལ་འཕྲད་ཞུས་ཏེ་བོད་ནང་གི་ཛ་དྲག་གནས་ཚུལ་དང་ཞུ་གཏུག་

ལས་འགུལ་གྱི་དགོས་དམིགས་སོགས་ངོ་སྤྲོད་ཞུས་ཡོད་པ་རེད། ཁོང་གཉིས་ནི་རྒྱུན་དུ་བོད་དོན་ལ་ཐུགས་

སྣང་ཆེ་ཞིང་བོད་པར་གདུང་སེམས་མཉམ་སྐྱེད་གནང་མཁན་གྱི་ས་གནས་དེའི་གྲོགས་པོ་བཟང་ཤོས་ཤིག་

ཡིན་པ་དང་། མངའ་སྡེ་དེའི་ལས་འགུལ་ཅི་འདྲ་ཞིག་སྤེལ་ཡང་ཁོང་གཉིས་ཀྱིས་ཕྱག་རོགས་གནང་གི་ཡིན་

གསུངས།

 

 

ཚེས་ ༢༥ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཕ་རན་སེས་ཀོ་ཌི་སུ་ས་མཆོག་ལ་མཇལ་འཕྲད་

ཞུས། ཁོང་ལ་རྒྱ་གར་ནི་བོད་ཀྱི་འདས་མ་ད་གསུམ་ལ་གལ་གནད་ཅན་ཞིག་དང་བཀའ་དྲིན་ཇི་ལྟར་ཆེ་

ཚུལ་གྱི་སྐོར་དང་། དེ་བཞིན་རྒྱ་ནག་གི་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་

ཀྱི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་རང་ལུས་མེ་སྲེག་སྐོར་ངོ་སྤྲོད་ཞུས། བློན་ཆེན་མཆོག་ཀྱང་

བོད་དོན་ལ་ཐུགས་སྣང་དང་ཐུགས་འཁུར་ཧ་ཅང་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་

གསུངས་དོན། བོད་ནི་ད་ལྟའི་ཆར་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་ཡུལ་ཆེ་

ཤོས་དང་། ཛ་དྲག་ཆེ་ཤོས་ཀྱི་ཡུལ་ལུང་ཞིག་ཆགས་ཡོད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་

གིས་དེ་ཙམ་ཐུགས་འཁུར་གནང་གིན་མི་འདུག་པས་དེ་ནི་ཧ་ཅང་བློ་ཕམ་ཅན་གྱི་གནས་ཤིག་རེད་ཅེས་

དང་། ཡང་བློན་ཆེན་མཆོག་ནས་ནམ་ཡང་བོད་དང་བོད་མིར་གདུང་སེམས་མཉམ་སྐྱེད་ཡོད་ཅེས་སོགས་

གསུངས། ཕྱི་དྲོ་ཁུལ་དེར་གནས་པའི་བོད་རིགས་ཚོ་དང་ཐུག་འཕྲད་གནང་བ་མ་ཟད། མཚན་མོ་དེར་རྒྱ་

གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤིརི་པད་ན་ཡ་མཆོག་མཇལ་རྒྱུ་གནང་བ་བཞིན་བཅར་ཏེ།

ཁོང་དང་ལྷན་དུ་གསར་འགོད་པ་གྲགས་ཅན་སན་ཇེ་སིན་ཧ་མཆོག་ཀྱང་ཕེབས་ཡོད་པ་རེད། བོད་དོན་

ཐོག་ཆུ་ཚོད་གཅིག་ལྷག་ཙམ་རིང་བགྲོ་གླེང་གནང་ཞིང་། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་དང་བོད་མིར་

གདུང་སེམས་མཉམ་སྐྱེད་ཡོད་ཅེས་ཡང་ཡང་གསུངས་ཡོད་པ་སོགས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་

ཤུགས་ཆེ་བསྟན་གནང་ཡོད་པ་རེད།