བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ནས་གུ་ཇ་རཏ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་བ།

༄༅། ། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ནས་ཕྱི་ལོ་༢༠༢༣ ཟླ་ ༨ པའི་ཚེས་ ༡༨ ནས ༢༤ བར་གྱི་རྒྱ་གར་གུ་ཇ་རཏ་མངའ་སྡེའི་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

ཕྱི་ཚེས་ ༡༧ ཉིན་གུ་ཇ་ར་ཐའི་མངའ་སྡེའི་གྲོང་ཁྱེར་ཨེམ་དྷ་བྷ་དྷ་ (Ahmedabad) ལ་ཕེབས་ཐོན་གྱིས་དེ་གའི་གནམ་ཐང་དུ་ཕེབས་འབྱོར་སྐབས། ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མི་ཏ་ ཇ་ཡོ་ཊི་ཀར་ (Dr. Amit Jyotikar, Regional Convener of Core Group for Tibetan Cause – India) ལགས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་ཇ་ཡེན་དྷ་ར་ སུ་ཊ་རི་ཡ་ (Jayendra Sutariya, ITFS) ལགས་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན་དང་། དེ་ནས་ཁོང་རྣམ་གཉིས་ཀྱི་སྣེ་ལེན་ཐོག་རླངས་འཁོར་བརྒྱུད་བྷ་རོ་ཌ་ (Baroda) གྲོང་ཁྱེར་ལ་ཕེབས་ཐོན་གནང་ཞིང་། དེར་མཱ་ཧ་ར་ཇཱ་ ས་ཡ་ཇི་རའོ་ གཙུག་ལག་སློབ་གཉེར་ཁང་ (Maharaja Sayajirao University) ནང་སློབ་གཉེར་གནང་མཁན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་སྒྲོལ་མ་ལགས་དང་རྒྱུན་ལས་རྣམས་ནས་མགྲོན་ཁང་ལ་ཕེབས་བསུ་ཞུས་གནང་འདུག

ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་མཱ་ཧ་ར་ཇཱ་ ས་ཡ་ཇི་རའོ་ གཙུག་ལག་སློབ་གཉེར་ཁང་གི་སྲིད་དོན་ཚན་རིག་སྡེ་ཚན་དང་། ཨ་ཏལ་ བྷི་ཧ་རི་ ཝ་ཇ་བྷེ་སྲིད་བྱུས་ཉམས་ཞིབ་དང་། རྒྱལ་སྤྱིའི་ཤེས་ཡོན་བསྟི་གནས་ཁང་ཟུང་འབྲེལ་གྱི་གོ་སྒྲིག་འོག མཐོ་སློབ་ཀྱི་ཆབ་སྲིད་སྡེ་ཚན་དང་། ཁྲིམས་ལུགས་སྡེ་ཚན། ལོ་རྒྱུས་སྡེ་ཚན། གསར་འགྱུར་སྡེ་ཚན། བོད་པའི་སློབ་མ་བཅས་ཁྱོན་དགེ་སློབ་ ༡༠༠ ལྷག་འདུ་འཛོམས་གནང་བའི་ཐོག་དེ་གའི་མཐོ་སློབ་ཀྱི་སྲིད་དོན་ཚན་རིག་སྡེ་ཚན་གྱི་སློབ་དཔོན་ཨེ་མི་ཏ་ དྷོ་ལ་ཀ་ཡ་ (Professor Amit Dholakia, Head of Department, Political Science Department) ལགས་ནས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་དང་། ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མི་ཏ་ ཇ་ཡོ་ཊི་ཀར་ལགས་ཀྱིས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་དང་། ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བའི་སྐོར་ལ་གསུང་བཤད།<

སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་བོད་ནང་རྒྱ་དམར་གཞུང་གིས་ཁོར་ཡུག་གཏོར་སྐྱོན་དང་། འགྲོ་བ་མིའི་ཐོང་ཐང་ཁག་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པའི་གནས་སྟངས་སྐོར་ངོ་སྤྲོད་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་ཐོག་མར་ད་རེས་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མི་ཏ་ ཇ་ཡོ་ཊི་ཀར་ (Dr. Amit Jyotikar, Regional Convener of Core Group for Tibetan Cause India) ལགས་ཀྱིས་འབྲེལ་མཐུད་གནང་བའི་ཐོག་དེ་གའི་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་གཏམ་བཤད་ཀྱི་ལས་རིམ་གོ་སྒྲིག་ཞུ་ཐུབ་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལོ་རྒྱུས་ཐོག་བོད་རང་བཙན་གྱི་གནས་བབ་དང་། ད་ལྟའི་ཆར་བོད་འདི་རྒྱ་དམར་གཞུང་གི་བཙན་དབང་འོག་ཡོད་པའི་གནས་སྟངས། དེ་བཞིན་འཛམ་གླིང་གི་ཆབ་སྲིད་འགྱུར་ལྡོག་ཁྲོད་རྒྱ་ནག་གི་གནས་བབ་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐོར་ངོ་སྤྲོད་སོགས་གནང་རྗེས། ཚོགས་བཅར་བ་སློབ་མ་ཁག་ཅིག་གིས་བོད་དོན་དང་འབྲེལ་བའི་དྲི་བ་གནང་བར་སྤྱི་འཐུས་རྣམ་པ་གཉིས་ནས་ལན་འདེབས་གསལ་བཤད་གནང་འདུག

མཐར་གཙུག་ལག་སློབ་གཉེར་ཁང་འདིའི་སྒྱུ་སྩལ་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཨ་དྷི་ཡ་ སེག་སི་ན་ (Prof Adhya Saxena, Dean Faculty of Arts) ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བའི་ནང་། གཙོ་བོ་ཁོང་གིས་མཐོ་སློབ་འདིའི་ནང་ཡོད་པའི་བོད་པའི་སློབ་མ་ཚོའི་སློབ་སྦྱོང་དང་། སྤྱོད་ལམ་སོགས་གང་ཅིར་ཡག་པོ་ཡོད་པར་བསྔགས་བརྗོད་དང་། མཐོ་སློབ་ངོས་ནས་མུ་མཐུད་བོད་པའི་སློབ་མ་རྣམས་ལ་རྒྱབ་སྐྱོར་དང་། གཟིགས་སྐྱོང་ཡག་པོ་གནང་རྒྱུའི་ཞལ་བཞེས་དང་། འཕགས་བོད་གཉིས་དབར་ཡུན་རིང་གི་འབྲེལ་བའི་ལོ་རྒྱུས་ཁག་ཤེས་རྟོགས་དགོས་པ་གལ་ཆེན་པོ་ཡིན་པ། བོད་དོན་རྒྱབ་སྐྱོར་གནང་དགོས་པ། མཐོ་སློབ་ནང་དུ་དེ་ལྟ་བུའི་གཏམ་བཤད་ཀྱི་ལས་རིམ་གོ་སྒྲིག་ཞུ་རྒྱུ་དང་། དེ་འབྲེལ་གྱི་གནད་དོན་ཁག་ལ་ཞིབ་འཇུག་གནང་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་གསུངས་གནང་འདུག གསུང་བཤད་ཀྱི་ལས་རིམ་གྲུབ་རྗེས། མཐོ་སློབ་ངོས་ནས་སྤྱི་འཐུས་རྣམ་པ་གཉིས་ལ་ཉིན་གུང་གསོལ་སྟོན་བཤམས་གནང་འདུག ཉིན་རྒྱབ་མཐོ་སློབ་ཀྱི་གནའ་རྫས་རྟོག་ཞིབ་སྡེ་ཚན་ (Department of Archaeology and Ancient History) དུ་ཕེབས་ཏེ། ཕྱི་ལོ་ ༢༠༡༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་སྲིད་བློན་མོ་དྷི་མཆོག་རྣམ་གཉིས་ནས་དབུ་འབྱེད་གནང་བའི་སློབ་གྲྭའི་འགྲེམ་སྟོན་ཁང་ལ་གཟིགས་སྐོར་དང་། སློབ་གྲྭ་འདིའི་གནའ་རྫས་རྟོག་ཞིབ་པས་གུ་ཇ་ར་ཏ་མངའ་སྡེ་ནས་འཚོལ་ཞིབ་བྱུང་བའི་སྟོན་པའི་རིང་བསྲེལ་ལ་མཇལ་རྒྱུའི་གོ་སྐབས་བྱུང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༡༩ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་བྷ་ས་ཀར་ ཝི་ཡ་སེ་ (Dr Bhaskar Vyas) ལགས་དང་། ཁོང་གི་བཟའ་ཟླ་རཱཇཱ་ ཝི་ཡ་སེ་ (Dr Rajni Vyas) ལགས་རྣམ་པ་གཉིས་ལ་འཚམས་འདྲི་ཞུ་བར་ཕེབས་ཏེ། ཁོང་རྣམ་པ་གཉིས་ནས་མི་ཚེ་ཧྲིལ་པོར་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དང་། དེ་བཞིན་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་དངོས་སུ་ཞུགས་པ། བོད་དོན་འཐབ་རྩོད་དང་འབྲེལ་བའི་ཕྱག་དེབ་བཅས་བྲིས་གནང་ཡོད་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུསཏེ། ཁོང་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་། སྐུ་ཞབས་བྷ་ས་ཀར་ ཝི་ཡ་སེ་ལགས་དགུང་ལོ་བགྲེས་པོར་ཕེབས་ཡོད་ཀྱང་། བོད་ཀྱི་གནད་དོན་ཐོག་ད་དུང་ཡིན་ནའང་ཐུགས་ཁུར་དང་དོ་སྣང་ཆེན་པོ་གནང་གི་ཡོད་པ་དང་། ཁོང་ནས་བོད་ཀྱི་གཞོན་སྐྱེས་ཚོས་བོད་དོན་འཐབ་རྩོད་ཐོག་འབད་བརྩོན་ཆེན་པོ་གནང་དགོས་སྐོར་ནན་པོར་གསུངས་འདུག

ཉིན་རྒྱབ་བྷ་རོ་ཊ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག མཱ་ཧ་ར་ཇཱ་ ས་ཡ་ཇི་རའོ་ གཙུག་ལག་སློབ་གཉེར་ཁང་ (Maharaja Sayajirao University) ནང་སློབ་གཉེར་གནང་མཁན་བོད་པའི་སློབ་ཕྲུག་རྣམས་དང་ལྷན་ཐུག་འཕྲད་ཀྱིས་ཆུ་ཚོད་གསུམ་ལྷག་རིང་རྒྱ་གར་གྱི་གཞོན་སྐྱེས་ཚོས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐབས་དང་། སློབ་མ་མི་རེ་ངོ་རེ་ནས་རྒྱ་གར་གཙོས་པའི་རྒྱལ་ཁབ་གཞན་གྱི་གཞོན་སྐྱེས་ཤེས་ཡོན་ཅན་ཚོ་དང་འབྲེལ་ལམ་བཙུགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། ཁོང་ཚོའི་རྒྱབ་སྐྱོར་ཐོབ་ཐབས་ཀྱི་འགན་ཁུར་གཙོ་བོ་བཞེས་དགོས་རྒྱུའི་འབད་བརྩོན་གནང་དགོས་པའི་ལམ་སྟོན་དང་། སློབ་ཕྲུག་ཚོའི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་བྷ་རོ་ཌ་གྲོང་ཁྱེར་གྱི་ལས་རིམ་ཡོངས་རྫོགས་ལེགས་གྲུབ་ཟིན་རྗེས། སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཨེམ་དྷ་བྷ་ད་ (Ahmedabad) གྲོང་ཁྱེར་ལ་ཕེབས་ཐོན་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༤ པའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མེཏི་ ཇའོ་ཊི་ཀར་ (Dr. Amit Jyotikar, Regional Convener of Core Group for Tibetan Cause, Ahmedabad) ལགས་ཀྱིས་གཙོས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཧིན་བོད་མཛའ་འབྲེལ་ཚོགས་པ་ (India Tibet friendship society) དང་། (Bharat Tibbat samvad Manch) (Bharat Tibbat samnvay Sangh) རྒྱ་གར་ནང་པའི་མཐུན་ཚོགས་ (Buddhist Society of India) བཅས་ཀྱི་སྐུ་ཚབ་འཐུས་མི་ཉི་ཤུ་ལྷག་དང་ལྷན་འཛོམས་ཀྱིས། བོད་དོན་རྒྱབ་སྐྱོར་གནང་ཕྱོགས་དང་ཤུགས་རྒྱ་ཆེ་རུ་གཏོང་ཕྱོགས། ལྷག་པར་དུ་རྒྱ་གར་གཞོན་སྐྱེས་ཚོས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐབས་ལ་ཤུགས་རྒྱག་དགོས་པ་སོགས་ཀྱི་སྐོར་ལ་ཕན་ཚུན་དགོངས་ཚུལ་བརྗེ་ལེན་ལྷུགས་པོ་བྱུང་ཡོད་པ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་སོགས་ངོ་སྤྲོད་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མེཏི་ ཇའོ་ཊི་ཀར་ལགས་ཀྱི་གོ་སྒྲིག་འོག རྒྱ་གར་སྲིད་བློན་མོ་དྷི་མཆོག་སློབ་གཉེར་གནང་ས་ཤྲི་རི་ ས་ཝའོ་མི་ནཱ་རཱ་ཡན་ (Shree Swaminarayan Arts College) མཐོ་སློབ་ཀྱི་དགེ་སློབ་གྲངས་ ༢༠༠ ལྷག་ལ་བོད་དོན་སྐོར་ངོ་སྤྲོད་དང་། དེ་རྗེས་གུ་ཇ་ར་ཏ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་པར་དིབ་ པར་མར་ (Shri Pradip Parmar, Former minister of Gujarat) མཆོག་དང་མཇལ་འཕྲད་གནང་སྟེ། སྐུ་ཞབས་ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་དང་ཐུགས་ཁུར། དེ་བཞིན་བོད་མི་སུད་ཚོང་བ་རྣམས་ལ་གཟིགས་སྐྱོང་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་ཡོད་འདུག

ཕྱི་དྲོ་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་ (GTPL Gujarat News Channel) ཞེས་པའི་གསར་འགྱུར་ལས་ཁུངས་ཀྱི་བརྙན་འཕྲིན་ཐད་གཏོང་ལས་རིམ་ཞིག་གིནཐོག་མཉམ་ཞུགས་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ངོ་སྤྲོད་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། འཕགས་བོད་དབར་གྱི་འབྲེལ་ལམ། བོད་ཀྱི་གནད་དོན་དེ་བཞིན་རྒྱ་གར་གྱི་བདེ་འཇགས་དང་ཆབ་སྲིད། ཁོར་ཡུག་སོགས་དང་ཐད་ཀར་འབྲེལ་བ་ཆགས་བསྡད་ཡོད་པའི་སྐོར་སོགས་ལ་བགྲོ་གླེང་གནང་བ་དང་། ལྷག་པར་དུ་རྒྱ་གར་མི་རབས་གསར་པ་རྣམས་ཀྱིས་བོད་ཀྱི་གནད་དོན་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་དང་། རྒྱ་གར་གཞུང་དང་གྲོས་ཚོགས་ཀྱི་ངོས་ནས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་དམར་གྱིས་ཁྲིམས་འགལ་བཙན་འཛུལ་འོག་བོད་དེ་བཞིན་རྒྱ་ནག་གི་དབང་བསྒྱུར་འོག་གནས་ཡོད་པར་ངོས་འཛིན་བྱེད་དགོས་པའི་དུས་ལ་བབ་ཡོད་པའི་སྐོར་སོགས་ནན་བརྗོད་གནང་ཡོད་འདུག

<

དེ་རྗེས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་། གུ་ཇ་ར་ཏ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་སྐུ་ཞབས་ནར་ཧ་རི་ ཨ་མིན་ (Shri Narhari Amin, Member of Parliament, Rajya Sabha and Former Deputy Chief Minister of Gujarat) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་ཡིག་ཕུལ་བ་དང་སྦྲགས། རྒྱ་གར་གྲོས་ཚོགས་ནང་བོད་དོན་ཐོོག་གླེང་སློང་དང་། གྲོས་འཆར་འདོན་རྒྱུ་སོགས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་གནང་འདུག

ཕྱི་ཚེས་ ༢༢ ཉིན་གུ་ཇ་རཏ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་གུ་ཇ་རཏ་མངའ་སྡེའི་རྒྱལ་ས་གྷན་དྷི་ན་གྷར་དུ་རྟེན་གཞི་བྱས་པའི་ཨ་ནན་ཊ་སྨན་ཞབས་མཐོ་སློབ་ (Ananta Institute of Nursing) དང་། ཀམ་ལ་ ཨམ་རུ་ཏ་སྨན་ཞབས་མཐོ་སློབ་ (Kamla Amrut Institute of Nursing) བཅས་གཉིས་ལ་ཕེབས་ཏེ། དགེ་སློབ་གྲངས་ ༣༠༠ ལྷག་ལ་བོད་དང་བོད་ཀྱི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་སོགས་ངོ་སྤྲོད་དང་། དེ་རྗེས་སྤྱི་འཐུས་རྣམ་པ་གཉིས་ནས་གུ་ཇ་རཏ་མངའ་སྡེའི་དཔལ་འབྱོར་བློན་ཆེན་སྐུ་ཞབས་ཀ་ནུ་བྷེ་ དྷེ་སའེ་ (Shri. Kanubhai Desai, Gujarat Finance Minister) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་ཡིག་ཕུལ་བ་དང་། དེ་བཞིན་བོད་དོན་སྐོར་ངོ་སྤྲོད་དང་སྦྲགས། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་དང་། ཕྱི་དྲོ་ཨེམ་དྷ་བྷ་དྷ་ལ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་ལ་གཟིགས་སྐོར་དུ་ཕེབས་གནང་ཡོད་འདུག

ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ལོག་མན་ཡཱ་ (Lokmanya College) མཐོ་སློབ་ཏུ་ཆེད་བཅར་གྱིས་དེ་གའི་དགེ་སློབ་རྣམས་ལ་རྒྱ་གར་གྱི་གཞོན་སྐྱེས་ཚོའི་ངོས་ནས་བོད་ཀྱི་ལོ་རྒྱུས་དང་། འཕགས་བོད་འབྲེལ་ལམ་སྐོར་ཤེས་དགོས་པའི་སྐོར་ལ་གསུང་བཤད་གནང་ཡོད་པ་དང་། དེ་ནས་གུ་ཇ་རཏ་མངའ་སྡེའི་ནང་གི་གཙུག་ལག་སློབ་གཉེར་ཁང་ཆེ་ཤོས་ (Gujarat University) ནས་གདན་ཞུས་ལྟར། བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་མཐོ་སློབ་དེར་ཕེབས་ཤིང་། དེར་དེ་གའི་མཐོ་སློབ་ཀྱི་སེམས་ཁམས་རིག་པ་དང་། ལྟ་གྲུབ། ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཆེན་མོ་མ་ནོ་ཇི་ ཤ་ས་ཏྲི་ (Prof. Manoj Shastri, Head of School of Psychology, Philosophy and Education Department) ལགས་ཀྱིས་སྣེ་ལེན་གྱིས་ཚོགས་ཁང་ནང་གདན་འདྲེན་ཞུས་རྗེས། དགེ་སློབ་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་དང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མི་ཏ་ ཇའོ་ཊི་ཀར་ (Dr. Amit Jyotikar, Regional Convener of Core Group for Tibetan Cause, India) ལགས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་གུ་ཇ་རཏ་མངའ་སྡེའི་ནང་ཕེབས་དགོས་པའི་དམིགས་ཡུལ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་སོགས་ངོ་སྤྲོད་གནང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་རྒྱ་ནག་དམར་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་རྩ་མེད་བཟོས་དང་བཟོ་བཞིན་པའི་སྐོར་ངོ་སྤྲོད་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་བརྙན་པར་གཟིགས་འབུལ་དང་སྦྲགས། ལོ་རྒྱུས་ཐོག་བོད་རང་བཙན་གྱི་གནས་བབ་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་ངོ་སྤྲོད་དང་། ད་ལྟའི་ཆར་བོད་དེ་རྒྱ་ནག་གི་བཙན་པོའི་དབང་བསྒྱུར་འོག་ཡོད་པའི་དཀའ་ངལ། དེ་བཞིན་འཛམ་གླིང་གི་ཆབ་སྲིད་འགྱུར་ལྡོག་ཁྲོད་རྒྱ་ནག་གི་གནས་བབ་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱིའཐུས་ལྷན་ཚོགས་ཀྱི་སྐོར་ངོ་སྤྲོད་སོགས་གནང་ཡོད་འདུག

ཉིན་རྒྱབ་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་གྲོས་ཚོགས་ནས་གཏན་འབེབས་གནང་བ་གཞིར་བཟུང་། རྒྱ་གར་ནང་སྲིད་ལས་ཁུངས་ཁྱབ་ཁོངས་ཀྱི་མཐོ་སློབ་ (Rashtriya Raksha University) ཀྱི་དགེ་རྒན་འབུམ་རམས་པ་ཨེལ་ ཝན་ཀ་ཏི་ས་ཝ་རན་ (Dr. L. Venkateswaran, Director of School of International Cooperation, Security and Strategic Languages) ལགས་ཀྱི་གོ་སྒྲིག་འོག དེ་གའི་མཐོ་སློབ་ཏུ་སྤྱི་འཐུས་རྣམ་པ་གཉིས་ལ་གསོལ་ཚིགས་འདེགས་འབུལ་དང་། དེ་རྗེས་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་དང་། རྒྱ་གར་བདེ་འཇགས་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་སློབ་དཔོན་ཆེན་མོ་བྷི་མལ་ ནན་ པ་ཊེལ་ (Professor (Dr.) Bimal N. Patel, Vice-Chancellor, Rashtriya Raksha University, and Member, National Security Advisory Board of India) མཆོག་དང་མཇལ་འཕྲད་ཀྱིས་ཕན་ཚུན་སྐར་མ་ཉི་ཤུ་ཙམ་གྱི་རིང་དགོངས་ཚུལ་བརྗེ་ལེན་གནང་ཡོད་པ་དང་། དེ་ནས་སློབ་དཔོན་ཀལ་པི་ཤི་ ཨེ་ཇི་ ཝན་དྷར་པོ་རོ་ (Prof.(Dr.) Kalpesh. H. Wandra Pro) མཆོག་གིས་སྣེ་ཁྲིད་འོག མཐོ་སློབ་ཀྱི་སྡེ་ཚན་ཆེ་ཁག་ལྔའི་འགན་འཛིན་རྣམས་དང་ལྷན་སྐར་མ་བཞི་ཅུ་ལྷག་རིང་ཚོགས་འདུ་ཚོགས་པ་དང་། འགན་འཛིན་རྣམས་ནས་སྡེ་ཚན་རེ་རེ་བཞིན་ངོ་སྤྲོད་གནང་རྗེས། སྤྱི་འཐུས་རྣམ་པ་གཉིས་ནས་བོད་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་དང་། མ་འོངས་པར་མཐོ་སློབ་དང་མཉམ་དུ་འབྲེལ་ལམ་འཛུགས་ཕྱོགས་དང་། མཐོ་སློབ་ཀྱི་སྡེ་ཚན་ཁག་ནང་བོད་པའི་སློབ་མ་སློབ་འཇུག་ཡོང་ཐབས་སོགས་ཀྱི་སྐོར་ལ་བཀའ་བསྡུར་ལྷུགས་པོ་གནང་བ་དང་། དེ་རྗེས། མཐོ་སློབ་འདིའི་ནང་བོད་ཡིག་དང་། རྒྱ་ཡིག་དགེ་རྒན་གནང་མཁན་བོད་དགེ་ནོར་བུ་དབང་རྒྱལ་ལགས་ཀྱིས་སྣེ་ཁྲིད་འོག སྤྱི་འཐུས་རྣམ་པ་གཉིས་ནས་མཐོ་སློབ་དེའི་རྒྱལ་སྤྱིའི་འབྲེལ་ལམ་དང་། བདེ་འཇགས། སྐད་ཡིག་སྡེ་ཚན་ (School of International Cooperation, Security and Strategic Languages) ནང་ལ་གཟིགས་སྐོར་གནང་རྗེས། སྡེ་ཚན་དེའི་སློབ་མ་ལྔ་བཅུ་ཙམ་ལ། གོང་གསལ་བཞིན་བོད་དོན་སྐོར་ངོ་སྤྲོད་དང་། སློབ་ཕྲུག་ཚོའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།

ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཀར་ན་ཝ་ཊི་ (Karnavati University) གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་བརྒྱད་ཅུ་ལྷག་ལ་བོད་དོན་སྐོར་ངོ་སྤྲོད་དང་། ཁོང་རྣམས་པའི་དོགས་འདྲི་ཁག་ལ་ལན་འདེབས་ཞུས་རྗེས། དགེ་རྒན་ཆེན་མོ་ལྕམ་སྐུ་བསོད་ནམས་ མན་སུ་ཁ་ནི་ (Dr. Sonam Mansukhani) ལགས་ཀྱིས་ད་ལན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་མཐོ་སློབ་ལ་ཕེབས་ནས་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཐོ་སློབ་ཀྱི་དྲན་རྟེན་ཕྱག་རྟགས་སོ་སོར་ཕུལ་གནང་འདུག

ཉིན་རྒྱབ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མིཏ་ ཇའོ་ཊི་ཀར་ལགས་རྣམ་གཉིས་ཀྱིས་ (Jamawat.com) ཞེས་པའི་གསར་ཁང་གི་བརྙན་འཕྲིན་བཅར་འདྲིར་དང་ལེན་གྱིས། སྐར་མ་བཞི་བཅུ་ལྷག་རིང་བོད་ཀྱི་ལོ་རྒྱུས་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས། བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། འཕགས་བོད་དབར་གྱི་འབྲེལ་ལམ། དེ་བཞིན་སྤྱི་ཡོངས་ཀྱི་བོད་དོན་འཐབ་རྩོད་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་རྗེས། སྤྱི་འཐུས་རྣམ་པ་གཉིས་ཀྱིས་རྒྱ་གར་ར་ཇི་སི་ཐན་དང་། གུ་ཇ་རཏ་མངའ་སྡེ་གཉིས་ནང་བདུན་ཕྲག་གཉིས་རིང་གི་བོད་དོན་ཞུ་སྐུལ་དང་། མཐོ་སློབ་ཁག་ནང་བོད་དོན་ངོ་སྤྲོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་ཟིན་པ་དང་། ཕྱི་ཚེས་ ༢༥ ཉིན་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་ཐོན་གནང་རྒྱུ་ཡིན་འདུག<

ད་ཐེངས་ཀྱི་གུ་ཇ་རཏ་མངའ་སྡེ་ནང་གི་བོད་དོན་ཞུ་སྐུལ་སྐབས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་མིཏ་ ཇའོ་ཊི་ཀོར་ (Dr Amit Jyotikar, Regional Convener of Core Group for Tibetan Cause – India) ལགས་ནས་མཐུན་འགྱུར་གང་ལེགས་གནང་ཡོད་འདུག་པ་དང་།དེར་སྤྱི་འཐུས་རྣམ་པ་གཉིས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་སྐུ་ཞབས་ཁོང་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས། །