བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ནས་རྒྱ་གར་ར་ཇ་སི་ཐན་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།


༄༅། ། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ཀྱིས་རྒྱ་གར་མངའ་སྡེ་ར་ཇ་སི་ཐན་དང་། གུ་ཇ་རཏ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་འགོ་འཛུགས་གནང་ཞིང་། དེ་ཡང་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་སྤྱི་འཐུས་རྣམ་པ་གཉིས་དང་། ར་ཇ་སི་ཐན་གྱི་གྲོང་ཁྱེར་ཇེ་པུར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སོ་རབ་ ས་ར་སོ་ཝ་ཏི་ (Advocate Saurabh Saraswat, Core Group of Tibetan Cause, Jaipur Rajasthan) ལགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Sangh) ཞེས་པའི་དངུལ་གཉེར་ཨོ་པི་ ཏི་རི་པ་ཏི (O P Tripathi, treasurer) ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ་ལྷན་འཛོམས་ཀྱིས། ར་ཇ་སི་ཐན་ནང་གི་བོད་དོན་ཞུ་སྐུལ་དང་འབྲེལ། དེ་གའི་མཐོ་སློབ་ཁག་ནང་བོད་དོན་ངོ་སྤྲོད་བྱེད་ཕྱོགས་སོགས་ཀྱི་ལས་རིམ་བང་བསྒྲིག་པ་དང་

ཕྱི་ཚེས་ ༡༤ ཉིན་ར་ཇ་སི་ཐན་མངའ་སྡེའི་སྲིད་སྐྱོང་ཀལ་ར་ཇ་ མི་ཤ་ར་ (Shri Kalraj Mishra, Hon’ble Governor of Rajasthan ) མཆོག་དང་ལྷན་མཇལ་འཕྲད་ཀྱིས། ཆུ་ཚོད་ཕྱེད་ཅམ་རིང་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་དང་། རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་མཚན་ཐོག་ནས་གནང་བའི་བོད་དོན་ཞུ་ཡིག་མངའ་སྡེའི་སྲིད་སྐྱོང་མཆོག་གི་ཕྱག་ལ་ཕུལ་གནང་འདུག དེ་ནས་མངའ་སྡེའི་གཞུང་གི་ས་ཁང་འགན་འཛིན་སྐུ་ཞབས་པ་ཝན་ ཨ་རོ་ར་ (Shri Pawan Arora) མཆོག་གིས་གཙོས་འབྲེལ་ཡོད་ལས་བྱེད་རྣམས་དང་ལྷན་མཇལ་འཕྲད་གནང་སྟེ། ཆུ་ཚོད་གཅིག་ལྷག་རིང་བོད་དོན་དང་འབྲེལ་བའི་གནད་དོན་ཁག་ངོ་སྤྲོད་དང་། དྲི་བ་ཁག་ལ་ལན་འདེབས། དེ་བཞིན་མངའ་སྡེའི་གཞུང་གི་ངོས་ནས་བོད་མི་སུད་ཚོང་བ་རྣམས་ལ་མཐུན་འགྱུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་དུ་ཇེ་པུར་ནང་མངའ་སྡེའི་ས་ཁང་འགན་འཛིན་མཆོག་ནས་བོད་མི་སུད་ཚོང་བ་རྣམས་ལ་གཏན་འཇགས་ཀྱི་ཁྲོམ་སའི་མཐུན་འགྱུར་སྦྱར་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

བོད་དོན་ཞུ་སྐུལ་སྐབས། བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibet Sangh) ཞེས་པའི་ཚོགས་མི་ཨོ་ པི་ ཏི་རི་པ་ཏི་ (Sh. O P Tripathi) ལགས་དང་། སྐུ་ཞབས་བྷི་ ཨེ་སི་ ར་ཝ་ཏ་(Sh. B. S. Rawat, Director, Rawat Group of College) ལགས་རྣམ་གཉིས་མཉམ་བཅར་ཞུས་གནང་འདུག་པ་བཅས།