བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་ཁམས་པའི་སྨྱུག་ཚོགས་ཀྱི་དྲ་རྒྱ་དང་། འབྲི་ཆུ་འདོན་ཐེངས་ལྔ་པ་བཅས་གཉིས་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༥ ཉིན་གྱི་སྔ་དྲོ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་ཁམས་པའི་སྨྱུག་ཚོགས་ཀྱི་དྲ་རྒྱ་ (www.khampawriters.com) དང་། ཁམས་པའི་སྨྱུག་ཚོགས་ཀྱི་འབྲི་ཆུ་འདོན་ཐེངས་ལྔ་པ་བཅས་གཉིས་དབུ་འབྱེད་གནང་སོང་།

དབུ་འབྱེད་མཛད་སྒོའི་ཐོག་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཞོན་འཇམ་དབྱངས་ཕུན་ཚོགས་ལགས་ཀྱིས་གཙོས་ཚོགས་མི་རྣམ་པ་སོགས་ཕེབས་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན།  སྤྱིར་བཏང་བྱས་ན། ད་ལན་གྱི་མཛད་སྒོ་འདི་རྩོམ་རིག་རང་དང་འབྲེལ་བའི་མཛད་སྒོ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་རྩོམ་རིག་རང་གི་ཐོག་ནས་རྣམ་པ་ཚོ་ལ་ཐུགས་ཕན་གསོ་བྱེད་ཀྱི་བཀའ་མོལ་དེ་འདྲ་ཞུ་དགོས་རེད་དེ། ཡིན་ནའང་ང་རང་འདྲ་པོ་ཞིག་ཡིན་ན་སྔོན་མ་སློབ་གྲྭར་འགྲོ་དུས་དགེ་རྒན་ས་ནས་རྩོམ་རིག་སྐོར་ལ་སློབ་སྦྱོང་ཕྲན་བུ་བྱས་པ་དང་། དེ་ག་ནང་བཞིན་རྩོམ་རིག་གཞུང་ལུགས་ཀྱི་དཔེ་དེབ་ཁ་ཤས་ཀློག་རྒྱུ་རག་པ་ཙམ་མ་གཏོགས། གཞན་ཆེད་དུ་ཆེད་ལས་རང་བཞིན་ཐོག་ནས་རྩོམ་རིག་ལ་སློབ་གཉེར་བྱས་མྱོང་མེད་དུས། དེ་རིང་འདི་ལ་ཐམས་ཅད་མཁྱེན་པའི་བཟོ་ལྟ་སྟོན་ཏེ་གཅིག་བཤད་བསྡད་ནས་དུས་ཚོད་འཕྲོ་བརླག་བཏང་བསྡད་ན་རན་པོ་ཡོད་མ་རེད་ལ་དེ་འདྲའི་གོམས་གཤིས་ཀྱང་མེད་ཟེར་ནས་ཞུ་འདོད་བྱུང་། ཡིན་ནའང་། སོ་སོས་ད་ལྟའི་བར་དུ་རྩོམ་རིག་ལ་དོ་སྣང་ཕྲན་བུ་བྱས་པའི་ཉམས་མྱོང་གཞིར་བཟུང་བྱས་ནས་བསམ་ཚུལ་ཕྲན་བུ་ཞུས་པ་ཡིན་ན། སྤྱིར་བཏང་རྩོམ་རིག་ཟེར་བ་དེ་ལ་མཚན་ཉིད་དང་། སྒྲ་བཤད། མཚན་གཞི། ས་མཚམས། ཁྱབ་ཁོངས། ཟེར་ནས་སྡེ་ཚན་མ་འདྲ་བ་ཁག་ལྔ་ཙམ་གྱི་ཐོག་ནས་བཤད་དགོས་དུས། བརྗོད་གཞི་དེ་ཧ་ཅང་གཏིང་ཟབ་པོ་དང་། རྒྱ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་ཙང་། སྐབས་སུ་བབས་པ་འདིར་རྩོམ་རིག་ཟེར་བ་དེས་ང་རང་ཚོ་མིའི་རིགས་ལ་གལ་ཆེ་ཆུང་ཇི་ཙམ་ཡིན་མིན་ཐད་བསམ་ཚུལ་ཞིག་ཞུས་ན་དྲན་སོང་།

ང་རང་གི་བསམ་ཚུལ་བྱས་པ་ཡིན་ན། རྩོམ་རིག་ཟེར་བ་དེ་ང་རང་ཚོའི་སྤྱི་ཚོགས་ནང་ལ་ཆ་ཤས་ཧ་ཅང་གི་གལ་ཆེན་པོ་ཞིག་ཟིན་འདུག་བསམ་གྱི་འདུག དཔེར་ན། ཆོས་ཕྱོགས་ནས་བཤད་ན། ནང་པའི་བཀའ་འགྱུར་བསྟན་འགྱུར་དང་ཆོས་འབྱུང་ལོ་རྒྱུས། ཡེ་ཤུའི་ཆོས་ལུགས་ཀྱི་གསུང་རབ། ཁ་ཆེའི་ཆོས་ལུགས་ཀྱི་སྐོར་ཡོངས་སུ་རྫོགས་པ་དེ་རྩོམ་རིག་ལ་བརྟེན་ནས་ཡིག་ཐོག་ནས་ཉར་ཚགས་བྱས་ཡོད་རེད། དེ་ག་ནང་བཞིན་འཇིག་རྟེན་གྱི་ཆ་ནས་བཤད་པ་ཡིན་ན། དེང་དུས་ཀྱི་རིག་ཚན་མ་འདྲ་བ་དཔེར་ན། ས་ཁམས་རིག་པ་དང་། དངོས་ཁམས་རིག་པ། སེམས་ཁམས་རིག་པ། མི་རྒྱུད་རིག་པ། མདོར་ན་དེ་ཚོ་ཡོངས་རྫོགས་རྩོམ་རིག་ལ་བརྟེན་ནས་ཡིག་ཐོག་ནས་ཉར་ཚགས་བྱས་ཡོད་རེད། གཞན་ཡང་རྩོམ་རིག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཁ་ལོ་འགྱུར་བ་གཏོང་ཐུབ་ཀྱི་ཡོད། མདོར་ན་བོད་ཙམ་མ་ཡིན་པར། མི་རིགས་གཞན་པའི་བསམ་བློ་ཡར་རྒྱས་གཏོང་རྒྱུ་དང་། གསར་བརྗེ་དང་སྤྱི་ཚོགས་བཅོས་སྒྱུར་ལ་སོགས་པ་མང་པོ་ཞིག་རྩོམ་རིག་ལ་བརྟེན་ནས་བྱུང་ཡོད།

མདོར་བསྡུས་ན། རྩོམ་རིག་ཟེར་བ་དེ་ང་རང་ཚོའི་སྤྱི་ཚོགས་ནང་ལ་ཆ་ཤས་ཧ་ཅང་གི་གལ་ཆེན་པོ་ཞིག་ཟིན་འདུག ད་ལན་ཁམས་པའི་སྨྱུག་ཚོགས་ཀྱི་ངོས་ནས་འབྲི་ཆུ་འདོན་ཐེངས་ལྔ་པ་དང་། དུས་རབས་དང་མཐུན་པའི་དྲ་རྒྱ་དབུ་འབྱེད་གནང་ཐུབ་པ་དེས་བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་ནང་ལ་ཞབས་འདེགས་དང་། བྱས་རྗེས་གང་འཚམས་ཤིག་བཞག་ཐུབ་ཡོད་པར་ངོས་འཛིན་ཞུ་གི་ཡོད་ལ། དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ནས་ལེགས་སོའི་བསྔགས་བརྗོད་དང་། རྗེས་སུ་ཡི་རངས་ཞུ་གི་ཡོད་ཅེས་གསུངས་གནང་སོང་།

གཞན་ཡང་དབུ་འབྱེད་མཛད་སྒོའི་ཐོག་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས་ཁམས་པའི་སྨྱུག་ཚོགས་བཙུགས་དགོས་པའི་རྒྱུ་མཚན་དང་། དགོས་པ། དམིགས་ཡུལ་སོགས་ཀྱི་ཐོག་གསུང་བཤད་དང་། ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཞོན་འཇམ་དབྱངས་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་། འབྲི་ཆུ་འདོན་ཐེངས་ལྔ་པའི་དུས་དེབ་ཕྱག་རྟགས་སུ་ཕུལ་གནང་ཡོད་པ་བཅས། །