
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་མུ་མཐུད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད།

དེ་ཡང་བོད་དོན་ཞུ་སྐུལ་གྱི་ཉིན་གཉིས་པ་ཕྱི་ཚེས་ ༢༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་བཅས་ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེག་ལི་ཤི་ པར་སཏ་ སིངྒ་ (Shri Akhilesh Prasad Singh, Member of Rajya Sabha) མཆོག་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷན་སི་ལལ་ གྷུར་ཇར་ (Shri Bansilal Gurjar, Member of Rajya Sabha) མཆོག རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇ་གྷ་དྷི་ཤི་ ཤེ་ཊར་ (Shri Jagadish Shettar, Member of Lok Sabha and former Chief Minister of Karnataka) མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནཱ་རཱ་ཡ་ན་སཱ་ ཀེ་ བྷན་ཌ་གྷེ་ (Shri Narayanasa K. Bhandage, Member of Rajya Sabha) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་འདུག

སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས། རྒྱ་གར་ཕྱི་སྲིད་བློན་ཆེན་ཟུར་པ་དང་། ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སལ་མན་ ཁུར་ཤེཊ་ (Shri Salman Khurshid, Member of Lok Sabha (INC) and former Minister of External Affairs of India) མཆོག་དང་། དམར་ཤོག་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སན་ཏོ་ཤི་ ཀུ་མར་ (Shri P. Santhosh Kumar, Member of Rajya Sabha) མཆོག (Janata Dal (United)) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རམ་པིར་ཊི་ (Shri Ramprit Mandal, Member of Lok Sabha) མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པ་རཱ་ཝེན་ ཁན་ཌེལ་ཝལ (Shri Praveen Khandelwal, Member of Lok Sabha) མཆོག ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨེམ་ ཀེ་ རཱ་གྷ་ཝན (Shri M. K Raghavan, Member of Lok Sabha) མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སའོ་མི་ཏཱ་རཱ་ ཁན་ (Shri Saumitra Khan, Member of Lok Sabha) མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནཱ་རེ་ཤི་ བྷན་སལ་ (Shri Naresh Bansal, Member of Rajya Sabha) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་འདུག

གཞན་ཡང་ཚོགས་ཆུང་གཉིས་ཐུན་མོང་ཐོག་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཝི་ཝིཀ་ ཀེ་ ཏན་ཀ་ (Shri Vivek Tankha, Member of Rajya Sabha) མཆོག་དང་ལྷན་མཇལ་འཕྲད་གནང་འདུག

བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས། ཉེ་ཆར་རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེས་བོད་མི་རིགས་དང་། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་མི་རིགས་གཞན་གྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་ཁྲིམས་ཀྱི་ལམ་ནས་རྩ་མེད་བཟོ་བཞིན་པ་སོགས་ཁྲིམས་ཡིག་དེའི་ཉེན་ཚབས་སྐོར་ངོ་སྤྲོད་དང་སྦྲགས། རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་ཁྲིམས་ཡིག་དེར་གདོང་ལེན་གནང་ཐབས་སྐོར་དང་། དེ་བཞིན་རྒྱ་ནག་དམར་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྣ་ཚོགས་སྤེལ་བཞིན་པར་ངོ་རྒོལ་གྱིས་ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། ཁྲིམས་ཡིག་དེས་རྒྱ་དམར་གཞུང་གིས་བཙན་བྱོལ་ནང་ལ་གནས་སྡོད་བོད་མི་རྣམས་ལའང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གཏོང་རྒྱུ་ཤུགས་ཆེ་རུ་གཏོང་ཡོད་སྐོར་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་སྦྲགས། ༡) རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་དམར་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ཉེན་ཚབས་སྐོར་གྲོས་ཚོགས་ནང་དང་འབྲེལ་ཡོད་གྲོས་ཚོགས་ཀྱི་ཚོགས་ཆུང་ནང་གླེང་སློང་དང་། ༢) བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་རྒྱུ། ༣) རྒྱ་ནག་དམར་གཞུང་གིས་རྒྱ་གར་ནང་ལ་གནས་སྡོད་བོད་མི་རྣམས་ཀྱི་མང་གཙོའི་རང་དབང་དང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རིགས་ལ་རྒྱ་གར་གཞུང་ནས་ངོ་རྒོལ་ཤུགས་ཆེ་གནང་སྐྱོང་ཡོང་བ། ༤) རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་བཙན་བཟུང་མ་བྱས་གོང་བོད་འདི་ལོ་རྒྱུས་ཐོག་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན། ༥) བོད་རྒྱའི་དཀའ་རྙོག་འབྲེལ་མོལ་བརྒྱུད་སེལ་ཐབས་སླད་རྒྱ་དམར་གཞུང་གི་འགོ་ཁྲིད་རྣམས་ལ་འབོད་སྐུལ་ཞུ་རྒྱུ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་རྒྱ་གར་གཞུང་ནས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་བཅས་དོན་ཚན་ལྔའི་ཐོག་ཞུ་སྐུལ་གནང་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་གཏན་འབེབས་བྱས་པའི་གཞུང་འབྲེལ་ཡིག་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་གཏན་འབེབས་བྱས་པར་གདོང་ལེན་གནང་ཕྱོགས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་བའི་སྒྲགས་གཏམ་བཅས་ཀྱི་ངོ་བཤུས་ཕུལ་འདུག་པ་བཅས།




