བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་པ།

༄༅། །རྒྱ་གར་ཆར་དུས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༢༦ ཟླ་ ཚེས་ ༢༧ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་ཉིས་ལ་ཆ་བགོས་ཀྱིས་རྒྱ་གརགྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་བཅས་དང་། བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པའི་ནང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་བཅས་ཡོད་འདུག

དེ་ཡང་བོད་དོན་ཞུ་སྐུལ་གྱི་ཉིན་དང་པོ་ཕྱི་ཚེས་ ༢༧ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཧྥ་གྷན་ སིངྒ་ ཀུ་ལ་ས་ཊེ་ (Shri Faggan Singh Kulaste, Member of Lok Sabha (BJP) and Former Minister of State for Rural Development and Steel of India) མཆོག་དང་། ཊི་ ཨེམ་ སི་ (TMC) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སའུ་གྷ་ཏ་ རོ་ཡེ་ (Shri (Prof.) Saugata Roy, Member of Lok Sabha) མཆོག ས་མ་ཇ་ཝ་ཏི་ (Samajwadi Party) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་རེན་དྷར་ སིངྒ་ (Shri Virendra Singh, Member of Lok Sabha) མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷ་ལ་བྷ་དྷར་ མཇ་ཧི་ (Shri Balabhadra Majhi, Member of Lok Sabha) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་འདུག

བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས། རྒྱ་གར་དབུས་གཞུང་གི་འཚོ་གནས་འཕེལ་རྒྱས་ལྷན་ཁང་གི་བློན་ཆེན་གཞོན་པ་འབུམ་རམས་པ་ཨེ་སི་ པི་ སིངྒ་ སྦ་གྷེལ་ (Shri (Prof.) S. P. Singh Baghel, Union Minister of State of Fisheries, Animal Husbandry and Dairying and Member of Lok Sabha (BJP)) མཆོག་དང་། Rashtriya Lok Dal སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རཱ་ཇ་ཀུ་མར་ སངྒ་ཝན་ (Shri Dr. Rajkumar Sangwan, Member of the Lok Sabha) མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Shri Sujeet Kumar, MP Rajya Sabha) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་འདུག

གཞན་ཡང་རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་སྐུ་ཞབས་རམ་རྡ་སི་ ཨ་ཐ་ཝ་ལི་ (Shri Ramdas Athawale, Minister of State for Social Justice and Empowerment) མཆོག་གིས་དེ་ཉིན་དགོང་དྲོ་བློན་ཆེན་མཆོག་གི་བཞུགས་གནས་སུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་གསོལ་སྟོན་ཞིག་བཤམས་འདུག

བློན་ཆེན་དང་གྲོས་ཚོགས་འཐུས་མི་རྣམ་པ་མཇལ་འཕྲད་སྐབས་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ནས་གཙོ་བོ་གསུངས་དོན། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག ལོ་རྒྱུས། མི་རིགས་ཀྱི་ངོ་བོ་དང་བཅས་པ་ཁྲིམས་ཀྱི་ལམ་ནས་རྩ་མེད་བཟོ་བཞིན་པ་སོགས་ཁྲིམས་ཡིག་དེའི་ཉེན་ཚབས་སྐོར་དང་། དེ་བཞིན་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་ཀྱི་རྒྱལ་དར་འཁྱེར་ནས་ལམ་མདོར་རྒྱལ་དར་སྒྲེང་འཛུགས་གནང་སྟེ། རྒྱ་ནག་དམར་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྣ་ཚོགས་སྤེལ་བཞིན་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཕུལ་བའི་སྐོར་དང་འབྲེལ་ཏེ། དམ་པ་ཁོང་གི་ཞལ་ཆེམས་ནང་། “ང་ཚོར་ག་རེ་མེད་པ་ཡིན་ནའང་མེད་ས་ཡོངས་སུ་རྫོགས་པ་དེ་ག་རེ་བྱས་ནས་མེད་པ་རེད། རང་བཙན་མེད་པའི་རྒྱུ་མཚན། ང་ཚོ་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་རེད་དཱ། རང་བཙན་རག་པ་ཡིན་ན་ང་ཚོར་གང་ག་ཡོད་པ་རེད། དེ་ཡིན་དུས་ང་ཚོར་ག་རེ་དགོས་ཀྱི་རེད། རང་བཙན་དགོས་ཀྱི་ཡོད་པ་རེད། རང་བཙན་ཆེད་དུ་ག་རེ་བྱེད་དགོས་ཀྱི་རེད། གང་གས་དཀའ་ལས་རྒྱག་དགོས་ཀྱི་རེད། དེ་མི་གང་གས་མུ་མཐུད་ནས་དཀའ་ལས་རྒྱག་རོགས་གནང་ཞེས་ཞུ་རྒྱུ་ཡིན།” ཞེས་གསུངས་པའི་སྐོར། རྒྱ་ནག་དམར་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པའི་སྐོར་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། ༡) རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་དམར་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ཉེན་ཚབས་སྐོར་གྲོས་ཚོགས་ནང་དང་འབྲེལ་ཡོད་གྲོས་ཚོགས་ཀྱི་ཚོགས་ཆུང་ནང་གླེང་སློང་ཡོང་ཐབས་དང་། ༢) བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་རྒྱུ། ༣) རྒྱ་ནག་དམར་གཞུང་གིས་རྒྱ་གར་ནང་ལ་གནས་སྡོད་བོད་མི་རྣམས་ཀྱི་མང་གཙོའི་རང་དབང་དང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རིགས་ལ་ངོ་རྒོལ་གནང་རྒྱུ། ༤) རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་བཙན་བཟུང་མ་བྱས་གོང་བོད་འདི་ལོ་རྒྱུས་ཐོག་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན་གནང་རྒྱུ། ༥) བོད་རྒྱའི་དཀའ་རྙོག་འབྲེལ་མོལ་བརྒྱུད་སེལ་ཐབས་སླད་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ལ་འབོད་སྐུལ་ཞུ་རྒྱུ་དང་། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་མི་རིགས་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་རྒྱ་གར་གཞུང་ནས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་བཅས་དོན་ཚན་ལྔའི་ཐོག་ཞུ་སྐུལ་རྒྱ་ཆེ་གནང་འདུག

གཞན་ཡང་སྐབས་དེར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བློན་ཆེན་དང་གྲོས་ཚོགས་འཐུས་མི་རྣམ་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་གཏན་འབེབས་བྱས་པའི་གཞུང་འབྲེལ་ཡིག་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་གཏན་འབེབས་བྱས་པར་གདོང་ལེན་གནང་ཕྱོགས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་བའི་གསར་འགོད་སྒྲགས་གཏམ་བཅས་ཀྱི་ངོ་བཤུས་ཕུལ་འདུག

བོད་དོན་ཞུ་སྐུལ་སྐབས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚེ་རིང་ལྷ་མོ་ལགས་དང་། བསྟན་འཛིན་ཆོས་དབྱིངས་ལགས། ཕུན་ཚོགས་རྒྱ་མཚོ་ལགས། བསྟན་འཛིན་དཔལ་ལྡན་ལགས་བཅས་ཚོགས་ཆུང་གཉིས་དང་ལྷན་གྲོས་ཚོགས་འཐུས་མི་རྣམ་པ་མཇལ་འཕྲད་སྐབས་ལྷན་བཅར་ཞུས་ཡོད་པ་བཅས།