
༄༅། །རྒྱ་གར་རྒྱལ་ས་ལྡི་ལིར་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོགས་ཆུང་གསུམ་ལ་ཆ་བགོས་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༡༣ དང་། ༡༥ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་ནས་རྒྱ་གར་མངའ་སྡེ་ཁག་མི་འདྲ་བ་བརྒྱད་དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་ལྔ་ནས་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་བཅུ་གཅིག་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་བཅས་དང་། བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པའི་ནང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་པའི་ནང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་བཅས་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༡༣ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ༡) ཨུ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འཐུས་མི་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཏུར་ཧ་རི་ མཱེ་ཏཱབ་ (Shri Bhartruhari Mahtab, MP Lok Sabha) མཆོག ༢) ཡུ་པི་མངའ་སྡེ་ནས་ཡིན་པ་ (Samajwadi Party) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ན་ར་ཡན་ དྷ་ས་ ཨ་ཧིར་ཝར་ (Shri Narayan Das Ahirwar, MP Lok Sabha) མཆོག་རྣམ་གཉིས་དང་། ཕྱི་ཚེས་ ༡༥ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ༡) ཧར་ཡ་ན་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རམ་ཅན་དྷར་ ཇངྒ་ར་ (Shri Ram Chander Jangra, MP Rajya Sabha) མཆོག ༢) ཡུ་པི་མངའ་སྡེ་ནས་ཡིན་པ་ (Samajwadi Party) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧ་རེན་དྷར་ སིངྒ་ མ་ལིཀ་ (Shri Harendra Singh Malik, MP Lok Sabha) མཆོག ༣) གཅེར་བུ་བའི་ཆོས་ལུགས་ཀྱི་དབུ་ཁྲིད་པརྐ་རྒྱ་ས་གྷར་ ཇི་ མུ་ནི་རཱཇ་ (Shri 108th Pragyasagar Ji Muniraj, religious leader of Jainism) མཆོག ༤) National Spiritual Assembly of the Baha’is of India ཞེས་པའི་དྲུང་ཆེ་ལྕམ་སྐུ་ན་ཛ་ནེ་ནེ་ རོ་ཝ་ནི་ (Ms. Naznene Rowhani, Secretary General) མཆོག ༥) རྒྱ་གར་གུ་ཇ་རཏ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཤཀ་ཏི་སིང་ གྷོ་ཧིལ་ (Shri Shaktisinh Gohil, MP Rajya Sabha) མཆོག ༦) བྷི་ཧར་མངའ་སྡེ་ནས་ཡིན་པ་ (Rashtriya Janata Dal) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་དྷ་ཀར་ སིངྒ་ (Shri Sudhakar Singh, MP Lok Sabha) མཆོག ༧) ཛོ་ར་ཨས་ཊིན་མཆོད་དཔོན་མ་རཱ་ཛ་བྷན་ ནཱ་རི་མན་ ཛཡེ་ཝ་ལ་ (Rev. Marazban Nariman Zaiwalla, Zoroastrian Priest (Parsi Community) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་ཡོད།

ཕྱི་ཚེས་ ༡༥ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས། ༡) ན་གྷ་ལན་ཌི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨེ་སི་ པང་ནོན་ ཀོན་ཡཀ་ (Smt S. Phangnon Konyak, MP Rajya Sabha) མཆོག ༢) མ་ཧ་ར་ཤ་ཊ་མངའ་སྡེ་ནས་ཡིན་པ་ཤིབ་སི་ནཱ་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨར་ཝིན་ཌི་ གྷན་པཏ་ ས་ཝན་ཊི་ (Shri Arvind Ganpat Sawant, MP Lok Sabha) མཆོག་རྣམ་གཉིས་དང་ལྷན་རིམ་པས་མཇལ་འཕྲད་གནང་ཡོད།

ཕྱི་ཚེས་ ༡༥ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་པས། ༡) ཧར་ཡ་ན་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝ་རུན་ ཅའོ་དྷེ་རེ་ (Shri. Varun Chaudhary, MP Lok Sabha, INC) མཆོག་དང་། ༢) རྒྱ་གར་དབུས་གཞུང་གི་གྲོང་གསེབ་ཡར་རྒྱས་ཀྱི་བློན་ཆེན་གཞོན་པ་ཟུར་པ་དང་། མ་དྷི་ཡ་པར་དེ་ཤཱི་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧྥ་གྷན་ སིངྒ་ ཀུ་ལ་ས་ཊི་ (Shri Faggan Singh Kulaste, Former Minister of State for Rural Development of India and MP Lok Sabha, BJP) མཆོག ༣) བྷི་ཧར་མངའ་སྡེ་ནས་ཡིན་པ་ (JDU) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཝི་ཇེ་ ལཀ་ཤི་མི་ དྷེ་ཝི་ (Smt Vijay Lakshmi Devi, MP Loksabha) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་ཡོད།

མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐོག་མར་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གཙོ་བོ་གསུངས་དོན། རྒྱ་ནག་དམར་གཞུང་གིས་བོད་ནང་མུ་མཐུད་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར། བོད་མི་རྣམས་བཟོད་ཐབས་བྲལ་ཏེ་འ་ཆད་འུ་ཐུག་གིས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་སྐོར་དང་། བོད་ཕྲུག་རྣམས་བཙན་ཤེད་ཐོག་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་པ་སོགས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་ཉམས་དམས་རྩ་བརླག་ཏུ་གཏོང་རྒྱུའི་དམིགས་ཡུལ་བཟུང་བའི་ཐོག བོད་རིགས་རྣམས་རྒྱ་རིགས་ནང་མཉམ་བསྲེས་གཏོང་བཞིན་ཡོད་པ། བྱིས་པ་ཚུན་ཆད་ཀྱི་རིགས་རྫས་བསྡུ་ལེན་དང་། ལྟ་སྲུང་བརྙན་མིག་གང་སར་བཙུགས་ནས་བོད་མིའི་འགུལ་བསྐྱོད་ཡོངས་རྫོགས་ལ་དམ་དྲག་བྱེད་བཞིན་པ། ཉེ་ཆར་ཁམས་རྫ་ཚུ་ཁ་ཀ་བཞི་སྡེ་བ་རུ་རྒྱ་དམར་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པར་ས་གནས་བོད་མིས་ཞུ་སྐུལ་བྱེད་སྐབས། རྒྱ་གཞུང་གིས་བོད་མི་གྲངས་བརྒྱད་བཅུ་ལྷག་འཛིན་བཟུང་བཀའ་ཉར་བྱས་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ། བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟའི་ཆར་རྒྱའི་བཙན་འོག་ཏུ་ཡོད་པ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་བར་རྒྱ་དམར་གཞུང་ལ་སྐུལ་འདེད་གཏོང་ཐབས། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གཏོར་སྐྱོན་ཚབས་ཆེ་གཏོང་བཞིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཆེད་ལས་ཚོགས་ཆུང་ཐོག་ནས་ཚད་དང་ལྡན་པའི་ཉམས་ཞིབ་དགོས་པ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེན་གཏོང་བཞིན་པར་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་ནས་ཞིབ་འཇུག་ཡོང་རྒྱུར་རྒྱབ་སྐྱོར་དགོས་པ། ༧པན་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ། རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཁག་འཕྲལ་ཏུ་མཚམས་འཇོག་དགོས་པ། རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་བོད་ནང་གི་འགྲོ་བ་མིའི་གནས་སྟངས་སྐོར་གླེང་སློང་ཡོང་ཐབས་སོགས་དོན་ཚན་བརྒྱད་ཀྱི་ཐོག་རྒྱབ་སྐྱོར་གནང་རྒྱུར་ཞུ་སྐུལ་རྒྱ་ཆེ་གནང་བར། གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བ་ཞུས་པར་ཞལ་བཞེས་གནང་སོང་།

བོད་དོན་ཞུ་སྐུལ་སྐབས་ལྡི་ལིར་གཏན་སྡོད་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཕུན་ཚོགས་རྒྱ་མཚོ་ལགས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཆོས་དབྱིངས་ལགས། རྒྱལ་མཚན་མགོན་པོ་ལགས། བློ་བཟང་མཚོ་མོ་ལགས། བསྟན་འཛིན་ཤེས་རབ་ལགས། བསྟན་འཛིན་དཔལ་འབྱོར་ལགས་བཅས་བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་དང་ལྷན་གྲོས་ཚོགས་འཐུས་མི་མཇལ་འཕྲད་སྐབས་སོ་སོར་མཉམ་བཅར་ཞུས་ཡོད་པ་བཅས།


