
༄༅། ། ཕྱི་ལོ ༢༠༢༥ ཟླ་ ༩ པའི་ཚེས་ ༢༥ ཉིན་སྐབས ༡༧ པའི་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཕྱོགས་ཤྲཱི་ན་གར་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་སྟེ། ཐེངས་འདིའི་རྒྱ་གར་བྱང་ཕྱོགས་ཤྲཱི་ན་གར་དང་། དཀར་གྷིར། ལ་དྭགས་སླེ་བྱང་ཁུལ་སོགས་ཀྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༢༤ ཉིན་ཤྲཱི་ན་གར་གནམ་ཐང་དུ་ཕེབས་འབྱོར་སྐབས། བོད་མི་ཁ་ཆེ་བ་ས་གནས་གཞོན་ནུའི་འབྲེལ་མཐུད་འགན་འཛིན་ཧིག་ཟླ་ཡཌ་ (Hidayat ullah Butt) ལགས་དང་། ཁ་ལོ་བ་རྣམ་པ་གཉིས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བོད་མི་མང་སྤྱི་འཐུས་རྣམ་གཉིས་བོད་མི་ཁ་ཆེ་བ་འཁོར་ཤིས་ (Cochi) ལགས་ཀྱིས་སྣེ་ལེན་ཞུས་པའི་ཐོག་བཞུགས་གནས་མགྲོན་ཁང་ནས་ཕེབས་ཐོན་གྱིས་བོད་མིའི་ཁ་ཆེ་སློབ་གྲྭ་ཤྲཱི་ན་གར་ཉིན་སློབ་ (Tibetan Public School) ལ་ཕེབས་ཐོན་གནང་ཞིང་།སློབ་གྲྭར་འབྱོར་སྐབས་བོད་མི་ཁ་ཆེ་བ་ས་གནས་གཞོན་ནུའི་འབྲེལ་མཐུད་འགན་འཛིན་ཧིག་ཟླ་ཡཌ་ (Hidayat ullah Butt) ལགས་དང་། སློབ་གྲྭའི་བོད་པ་ཁ་ཆེ་བ་གཞོན་ནུའི་ཚོགས་གཙོ་དང་། སློབ་གྲྭའི་འཛིན་སྐྱོང་འགན་འཛིན་ཨབ་དྷུལ་ རེ་མཱ་ ནཱ་ཝ་ཇོ་ (Abdul Rehma Nawajoo) ལགས། སློབ་གྲྭའི་དྲུང་ཆེ་ལར་ཕན་ (Lrfan Qazi) ལགས་སོགས་གཞོན་ནུའི་འཐུས་མི་ཁག་ཅིག་གིས་ཕེབས་བསུའི་སྣེ་ལེན་དང་། དེ་ནས་སློབ་གྲྭའི་སློབ་སྤྱི་ལྕམ་སྐུ་ཨ་བྷི་ཌ་ ཨ་ལི་ (Mrs. Abida Ali, Principal of Tibetan public school) མཆོག་མཇལ་འཕྲད་ཀྱིས་༧གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ ‘བོད་དང་བོད་མིའི་མགྲིན་ཚབ་’ ཅེས་པའི་ཕྱག་དེབ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་བྱང་གསལ་བའི་ཕྱག་སྨྱུག་བཅས་ཕྱག་རྟགས་སུ་ཕུལ་བ་དང་ཆབས་ཅིག སློབ་སྤྱི་མཆོག་གིས་མི་ལོ་ཧྲིལ་པོ་བཅོ་ལྔའི་རིང་བོད་མི་ཁ་ཆེ་བའི་ཁོར་ཡུག་ནང་བཞུགས་ཏེ། དགེ་རྒན་གྱི་འགན་ཁུར་དང་། ཁྱད་པར་དུ་སློབ་གྲྭའི་སློབ་སྤྱིའི་ཐུགས་འགན་བཞེས་ནས་དེང་རབས་ཀྱི་ཤེས་ཡོན་དང་། བོད་ཕྲུག་ཚོར་གཟིགས་རྟོག་དང་འགན་ཁུར་གནང་བར་སྤྱི་འཐུས་རྣམ་གཉིས་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མ་འོངས་པར་ཡང་མུ་མཐུད་ནས་འགན་ཁུར་གནང་དགོས་པའི་བསྐུལ་མ་ཞུས་ཡོད་འདུག

དེ་ནས་སློབ་གྲྭའི་དཔེ་མཛོད་ནང་དུ་གཟིགས་སྐོར་སྐབས་སུ་ (བོད་རང་བཙན་) ཞེས་པའི་དཔེ་དེབ་ཅིག་མདུན་ངོས་སུ་བཤམས་ནས་བཞག་ཡོད་འདུག རིམ་པས་སློབ་གྲྭའི་གློག་ཀླད་ཁང་དང་། འཛིན་ཁང་། ལས་ཁང་སོགས་ལ་གཟིགས་སྐོར་དང་། སློབ་གྲྭ་ཆུང་བའི་སློབ་མ་ཚོའི་རྩེད་མོའི་འགྲན་བསྡུར་སྐབས་དང་བསྟུན། སྤྱི་འཐུས་རྣམ་གཉིས་སྐུ་མགྲོན་དུ་ཆེད་བཅར་གནང་རྗེས། དགེ་རྒན་ཁག་ཅིག་དང་། སློབ་གྲྭའི་གནས་སྟངས། བོད་མི་ཁ་ཆེ་བའི་གནས་སྟངས་བཅས་ལ་རྒྱུས་ལོན་གནང་། གཞན་ཡང་སྐབས་དེར་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་དང་། འཐུས་མི་ཁག་ཅིག་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། བོད་མི་ཁ་ཆེ་བའི་དཀའ་ངལ་ཇི་ཡོད་རྒྱུས་ལོན་གྱིས་ཕན་ཚུན་བཀའ་བསྡུར་གནང་ཡོད་འདུག

སྤྱིར་བཏང་སློབ་གྲྭ་དེ་བཞིན་རང་ཁ་རང་གསོ་དང་། འཛིན་སྐྱོང་སོགས་བོད་མི་རང་ངོས་ནས་གནང་མུས་ཡིན་འདུག་ལ། སློབ་གྲྭའི་ཁོར་ཡུག་གཙང་མ་དང་། མཐུན་རྐྱེན་སོགས་ཧ་ཅང་འཛོམས་པོ་ཡོད་འདུག

དེ་ནས་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་ཤྲཱི་ན་གར་ནང་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ནང་པའི་དགོན་རྙིང་ཁག་ལ་གནས་མཇལ་དང་། དེ་རྗེས། བོད་མིའི་གཞིས་ཆགས་ནང་གཟིགས་སྐོར་དང་། བོད་མི་ཁ་ཆེ་བའི་ནང་དུ་ཆེད་བཅར་གྱིས་གནས་སྟངས་རྒྱུས་ལོན་མཐིལ་ཕྱིན་གནང་འདུག

གཟིགས་སྐོར་སྐབས། བོད་མི་ཁ་ཆེ་བའི་ནང་མི་དེས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ལ་དགའ་བསུ་དང་། སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་རྗེས་བོད་མི་ཁ་ཆེ་བའི་ལྷ་ཁང་ལ་གནས་མཇལ་དང་། བོད་མི་ཁ་ཆེ་བ་ཁག་ཅིག་ཐུག་འཕྲད་ཀྱིས་ས་གནས་དང་། ཉིན་རེའི་འཚོ་བའི་གནས་སྟངས་སྐོར་ལ་བཀའ་མོལ་གནང་རྗེས། དེ་ཉིན་གྱི་ལས་རིམ་ཁག་མཇུག་བསྒྲིལ་གནང་ཡོད་པ་བཅས།



