བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མའི་སོར་དང་སྦེང་ལོར་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༣ ནས་ ༢༤ བར་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མའི་སོར་དང་། སྦེང་ལོར་ཁུལ་ལ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད།


དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༣ ཉིན་སྦེལ་ཀོབ་ལུགས་བསམ་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་ཕེབས་སྐྱེལ་ཞུས་རྗེས། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མའི་སོར་དུ་ཕེབས་ཐོན་གྱིས་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཙམ་ལ་མའི་སོར་ས་གནས་སུ་འབྱོར་མཚམས། ལྷོ་སྤྱི་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་ཚེ་དཔལ་ལགས་དང་། མའི་སོར་བོད་ཀྱི་སྡོད་ཁང་གི་འགན་འཛིན་དང་དྲུང་ཆེ། སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་བཅས་ནས་ཕེབས་སུའི་སྣེ་ལེན་ཞུས་རྗེས། བོད་ཀྱི་སྡོད་ཁང་འགན་འཛིན་དང་། དྲུང་ཆེ་ལྷན་ས་གནས་ཀྱི་གནས་སྟངས་ལ་རྒྱུས་ལོན་དང་དགོངས་ཚུལ་བཅས་ཕན་ཚུན་བཀའ་བསྡུར་ལྷུག་པོ་གནང་ཡོད་འདུག

ཕྱི་དྲོ་ཆུ་ཚོད་ ༦།༠༠ པ་ཙམ་ལ་མའི་སོར་ཁུལ་གྱི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་སྔར་བཞིན་གསུང་བཤད་དང་། སློབ་ཕྲུག་རྣམ་པས་དགོངས་ཚུལ་དང་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་འཐུས་རྣམ་གཉིས་འགྲོ་ཕན་བོད་ཀྱི་སྨན་རྩིས་གསོ་རིག་མཐོ་སློབ་ཏུ་ཕེབས་འབྱོར་སྐབས། དེ་གའི་འགན་འཛིན་དང་། ལས་བྱེད་རྣམས་ནས་སྣེ་ལེན་ཞུས་རྗེས། རིམ་བཞིན་མཐོ་སློབ་ཀྱི་འཛིན་ཁང་དང་། སྡེ་ཚན་ཁག་བཅས་ལ་གཟིགས་ཞིབ་གནང་བ་དང་། དེ་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཕེབས་ཤིང་། དེར་འབྱོར་སྐབས་སློབ་སྤྱི་དང་། འགན་འཛིན། དགེ་ལས། སློབ་མའི་རྒན་བདག་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས།

སློབ་གཉེར་ཁང་གི་བོད་ཡིག་སྡེ་ཚན་དང་། དེ་བཞིན་ཚོགས་ཁང་། མཐོ་སློབ་ཀྱི་ཁོར་ཡུག་བཅས་ལ་གཟིགས་སྐོར་གྲུབ་རྗེས། དེ་གའི་དགེ་ལས་སློབ་ཕྲུག་རྣམས་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་འཚམས་འདྲིའི་གསུང་བཤད་དང་། སློབ་ཕྲུག་ཚོའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག

དེ་རྗེས་སྦེང་ལོར་སྤྱི་མཐུན་མཉམ་འབྲེལ་ལས་ཁང་དུ་གཟིགས་སྐོར་ཕེབས་པ་དང་། སྐབས་དེར་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་དང་། ལས་བྱེད་རྣམས་ནས་ཕེབས་བསུ་སྣེ་ལེན་དང་སྦྲགས། སྤྱི་མཐུན་མཉམ་འབྲེལ་ལས་ཁང་དུ་གཟིགས་སྐོར་ཕེབས་རྗེས། སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་ཕེབས་ཐོན་གྱིས་དེ་གར་འབྱོར་སྐབས། ལྷོ་སྤྱི་ལས་ཁུངས་ཀྱི་ལས་བྱེད་དང་། སྦེང་ལོར་བོད་ཁྱིམ་སྡོད་ཁང་འགན་འཛིན་དང་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གྱིས་མགྲོན་ཁང་དུ་ཕེབས་འབྱོར་བྱུང་འདུག་པ་བཅས།