
༄༅། །སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༡༧ ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་ཡོད།

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ཧི་མ་ཅལ་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༡༦ རེས་གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས། ས་གནས་འགོ་འཛིན་གཙོས་པའི་ལས་ཀྱི་སྣེ་མོ་བ་དང་། གནད་ཡོད་མི་སྣ་བཅས་ནས་སྦེལ་ཀོབ་སྨར་ཁམས་མགྲོན་ཁང་དུ་ཕེབས་བསུའི་སྣེ་ལེན་ཞུས་འདུག

ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་སྤྱི་འཐུས་རྣམ་གཉིས་སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭའི་དགེ་སློབ་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་དང་།

དེ་ནས་སློབ་གྲྭའི་འཛིན་ཁང་དང་སྡེ་ཚན་ཁག་བཅས་ལ་གཟིགས་སྐོར་ཕེབས་པ་དང་། དེ་རྗེས་འབྲུག་དཀར་སྒྲུབ་བརྒྱུད་ཐོས་བསམ་དར་རྒྱས་གླིང་དགོན་པར་གནས་མཇལ་དང་།

རིམ་པས་གྷོ་ལ་ཐ་ལ་སཾ་བྷོ་ཊ་ཡན་ལག་སློབ་གྲྭ་དང་། སྔོན་འགྲོའི་སློབ་གྲྭ། བུ་བཅོལ་ཁང་བཅས་སུ་གཟིགས་སྐོར་དང་། དགེ་ལས་ཡོངས་ལ་གསུང་བཤད་གནང་གྲུབ་རྗེས། ཀ་རུ་ན་ཕན་བདེ་དགའ་ཚལ་དུ་གཟིགས་སྐོར་དང་གསུང་བཤད་གནང་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༢།༠༠ པ་ནས་ས་སྐྱ་བརྩེ་ཆེན་ཆོས་འཁོར་གླིང་དགོན་པར་མཆོད་མཇལ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་། གཞིས་མཉམ་གཉིས་ཀྱི་ལས་ཁུངས་བཅས་སུ་གཟིགས་སྐོར་དང་།

ཀརྨ་བཀའ་བརྒྱུད་དགོན་པར་གནས་མཇལ་བཅས་ཕེབས་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༡༥ ཐོག་སྤྱི་འཐུས་རྣམ་པ་གཉིས་འབྲི་གུང་ཆོས་རྗེ་ཞིང་གཤེགས་དམ་པ་༧སྐྱབས་རྗེ་ཨཿ དབྱངས་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གྱི་མཛད་སྒོར་ཆེད་བཅར་ཞུས་པ་དང་།

ཉིན་རྒྱབ་སྦེལ་ཀོབ་གཞིས་སྤྱིའི་༧རྒྱལ་བའི་ཕོ་བྲང་དུ་གནས་མཇལ་ཞུས་འདུག་པ་བཅས།




