བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་གླེ་བྱང་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ ༢༠༢༥ ཟླ་ ༡༠ པའི་ཚེས་ ༣ ནས་ ༦ བར་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་ཁྲིག་རྩེ་དགོན་པར་༧སྐྱབས་རྗེ་ཁྲིག་རྩེ་རིན་པོ་ཆེ་མཆོག་ལ་མཇལ་བཅར་དང་། དེ་བཞིན་ནུབ་ར་དང་། སྤང་གོང་མཚོ་ཁུལ་ལ་གནས་མཇལ་སོགས་གནང་སྟེ། ཐེངས་འདིའི་ལ་དྭགས་གླེ་བྱང་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་གནང་ཡོད།

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༠ པའི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བོད་གཞིས་ལྕོག་ལམ་ས་བཞུགས་གནས་ཁང་གསར་མགྲོན་ཁང་ནས་ནུབ་རའི་ཕྱོགས་སུ་ཕེབས་ཐོན་གྱིས་མཁའ་གདོང་ལ་བརྒྱུད་དེ། ཆུ་ཚོད་ ༡༠།༡༥ ཐོག་ནུབ་རའི་ལུང་འདབས་སུ་སྟོན་པའི་སྐུ་བརྙན་དང་། སྤང་ཆེན་མོ་དགོན་པ་བཅས་ལ་རྒྱང་མཇལ་ཞུས་པ་དང་། ཆུ་ཚོད་ ༡༠།༣༥ ཐོག་སྤྱི་འཐུས་རྣམ་གཉིས་དང་ལ་སྤྱི། ལས་དྲུང་བཅས་ནས་༧སྐྱབས་རྗེ་ཁྲིག་རྩེ་རིན་པོ་ཆེ་མཆོག་གིས་གཙོས་སྐུ་འཁོར་ལྷན་རྒྱས་ལམ་ཟུར་ནས་ཁྱུག་ཙམ་མཇལ་འཕྲད་ཞུས་འདུག

དེ་ནས་ཆུ་ཤེལ་ལ་བརྒྱུད་དེ་ནུབ་རར་ཆུ་ཚོད་ ༡༢།༠༠ ཙམ་ལ་ཕེབས་འབྱོར་བྱུང་སྟེ། བདེ་སྐྱིད་དགོན་པའམ་བདེ་དགོན་དགའ་ལྡན་ཆོས་གླིང་། ཡང་ན་ལྡུམ་ར་བདེ་སྐྱིད་དགོན་པ་ཞེས་པར་མཆོད་མཇལ་ཞུས་ཤིང་། སྐབས་དེར་དགོན་པའི་ཕྱག་མཛོད་ཀྱིས་ཕེབས་བསུའི་སྣེ་ལེན་དང་གསོལ་ཇ་གོ་སྒྲིག་ཞུས་རྗེས། མགོན་ཁང་དང་། ལྷ་ཁང་། སྒྲོལ་མ་ལྷ་ཁང་སོགས་ལ་མཆོད་མཇལ་ཞུས་སྐབས་དེའི་ལོ་རྒྱུས་སྐོར་ཞིབ་ཕྲ་ངོ་སྤྲོད་དང་། དེ་རྗེས་དགོན་པའི་ཉེ་འདབས་སུ་ཆགས་པའི་མཐོ་ཚད་ཕི་ཊི་ ༡༠༨ ཡོད་པའི་༧རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་ལ་མཇལ་བཅར་ཞུས་གནང་འདུག

ཕྱི་ཟླ་ ༡༠ པའི་ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ནུབ་ར་ནས་ཕེབས་ཐོན་གྱིས་སྡིངས་ཕུ་ལ་དང་། བྲག་རྩེ་ཟམ་པ་བཅས་བརྒྱུད་དེ་ཆུ་ཚོད་ ༡།༣༠ ཐོག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ངང་ལྷ་རིང་མོའམ་སྤང་གོང་མཚོ་ལ་གནས་མཇལ་ཞུས་པ་དང་། དེའི་ཉེ་འགྲམ་དུ་ལོ་ངོ་སུམ་ཅུ་ལྷག་གནས་སྡོད་བྱེད་མཁན་དམག་ཟུར་ཚེ་རིང་དོན་གྲུབ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ལ་ཕེབས་བསུའི་སྣེ་ལེན་ཞུས་གནང་འདུག ཁོང་གིས་སྤང་གོང་མཚོའི་ཉེ་འགྲམ་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་འཛུགས་གནང་ཡོད་པ་མ་ཟད། བོད་ཀྱི་ཆུ་བོ་ཆེན་པོ་བཞིའི་འདྲ་བརྙན་ཡང་བཞེངས་གནང་ཡོད་འདུག དེ་བཞིན་༧གོང་ས་མཆོག་གིས་མཚན་གནང་བའི་དགེ་འཕེལ་ལྷ་ཁང་ཞེས་པ་ཞིག་བཞེངས་གནང་འདུག སྤྱི་འཐུས་རྣམ་པས་ལྷ་ཁང་ནང་མཆོད་མཇལ་ཞུས་རྗེས། ཁོང་གིས་མདུན་རྒྱབ་སོགས་ཀྱི་རི་རྒྱུད་དང་ཆུ་བོ་སོགས་ངོ་སྤྲོད་ཞིབ་ཕྲ་གནང་འདུག

སྤང་གོང་མཚོའི་ཉེ་འགྲམ་ལ་བོད་ཀྱི་ལྷ་ཀླུ་གཞི་བདག་སོགས་ལ་གསོལ་འདེབས་སྨོན་ལམ་དང་། ༧གོང་ས་མཆོག་གིས་གཙོས་བོད་ཀྱི་བླ་ཆེན་རྣམ་པ་སྐུ་ཚེ་བརྟན་པའི་སྨོན་ལམ། བོད་དོན་བདེན་མཐའ་གསལ་བ་དང་བོད་རང་བཙན་མྱུར་དུ་ཐོབ་ནས་རང་ཡུལ་དུ་བདེ་སྐྱིད་རྫོགས་ལྡན་གྱི་སྐལ་བཟང་གི་ཉི་མ་ཤར་བའི་གསོལ་འདེབས་སྨོན་ལམ་བཅས་ཞུས་འདུག་པ་མ་ཟད། དར་ལྕོག་བསྒྲེངས་འཛུགས་གནང་ཡོད་འདུག དེ་ནས་རྡོ་ཁུལ་དང་། ཤ་མཐོང་ཡོང་ས། མཚོ་ལྟག་ཐང་བཅས་བརྒྱུད་དེ་བྱང་ལར་ཕེབས་འབྱོར་བྱུང་ཞིང་། རྩ་བའི་བྱང་ལ་ནི་མཐོ་ཚད་ཕི་ཊི་ ༡༧༦༨༨ ཡོད་འདུག དེ་ནས་རྫོང་ར་མཐོང་ས་དང་། རྫོང་ར་གྲོང་། བྲག་འཐག མཁར་དགུ། ལྟག་མ། ཁྲིག་རྩེ། ཤེལ་བཅས་བརྒྱུད་དེ་ལྕོག་ལམ་ས་བོད་གཞིས་སུ་ཕྱིར་ཕེབས་གནང་ཡོད་འདུག

ཕྱི་ཟླ་ ༡༠ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་འཐུས་རྣམ་པ་གཉིས་བཞུགས་གནས་ཁང་གསར་མགྲོན་ཁང་ནས་ཁྲིག་རྩེ་དགོན་དུ་ཕེབས་ཐོན་གྱིས་དགོན་པར་ཕེབས་འབྱོར་སྐབས། ཕྱག་མཛོད་ནས་སྣེ་ལེན་ཞུས་རྗེས། སྤྱི་འཐུས་རྣམ་གཉིས་ནས་༧སྐྱབས་རྗེ་ཁྲིག་རྩེ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ་དང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་རིན་པོ་ཆེ་མཆོག་གིས་ལ་དྭགས་སུ་གནས་སྡོད་བོད་མི་རྣམས་ལ་ས་ཆ་གསོལ་སྩལ་གནང་བར་བཀའ་དྲིན་ཆེ་ཞུས་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་ས་གནས་བོད་མི་རྣམས་ལ་མཐུན་འགྱུར་གང་ཐུབ་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་ཞུས་གནང་བ་སོགས་ཕན་ཚུན་ཆུ་ཚོད་ཕྱེད་ཀ་ཙམ་རིང་བཀའ་མོལ་ལྷུག་པོ་གནང་རྗེས། ཁྲིག་རྩེ་དགོན་པ་དང་མཁར་བཅས་ལ་མཆོད་མཇལ་ཞུས་འདུག མཇལ་འཕྲད་སྐབས་ས་གནས་ཁྲིམས་ཞིབ་པ་དང་། ས་འཐུས་ཚོགས་གཙོ། ལ་སྤྱི་བཅས་ལྷན་བཅར་ཞུས་འདུག

སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ས་གནས་ཁྲིམས་ཞིབ་པ་དང་། ས་འཐུས་ཚོགས་གཙོ། ལ་སྤྱི་དང་རྩིས་པ་བཅས་ས་གནས་ཀྱི་ལས་ཁུངས་ཁག་གིས་སྤྱི་འཐུས་རྣམ་པ་གཉིས་ལ་ཉིན་གུང་ཕེབས་སྐྱེལ་གསོལ་སྟོན་བཤམས་རྗེས། ཨ་ལྕི་ཆོས་འཁོར་དགོན་པར་མཆོད་མཇལ་ཞུས་གནང་འདུག

 

ཕྱི་ཟླ་ ༡༠ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་ས་གནས་ཁྲིམས་ཞིབ་པ་དང་། ས་འཐུས་ཚོགས་གཙོ། ལ་སྤྱི་བཅས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ཀྱིས་སྤྱི་འཐུས་རྣམ་པ་གཉིས་བཞུགས་གནས་ལྕོག་ལམ་ས་ཁང་གསར་མགྲོན་ཁང་ནས་གནམ་ཐང་བར་ཕེབས་སྐྱེལ་ཞུས་རྗེས། ཆུ་ཚོད་ ༡༡།༣༠ ཐོག་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་འབྱོར་དང་། ཕྱི་ཚེས་ ༧ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཐེངས་འདིའི་ལ་དྭགས་གླེ་བྱང་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས།