བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་ལྕོག་ལམ་སའི་བོད་མིའི་གཞིས་གྲོང་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ།

༄༅། །ཕྱི་ལོ ༢༠༢༥ ཟླ་ ༡༠ པའི་ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་ལྕོག་ལམ་སའི་བོད་མིའི་གཞིས་གྲོང་ཁག་གི་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་དང་། མང་ཚོགས་ཀྱི་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད། ལ་དྭགས་བོད་ཁྱིམ་སློབ་གྲྭ་དང་། བོད་མིའི་ཚོང་པའི་ལྷན་ཚོགས་ལས་ཁུངས་ལ་གཟིགས་སྐོར་བཅས་གནང་ཡོད་འདུག

དེ་ཡང་ཕྱི་ཟླ་ ༡༠ པའི་ཚེས་ ༢ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༠༠ པའི་ཐོག ས་འཐུས་ཚོགས་གཙོ་དང་ལ་སྤྱི་གཉིས་ལྷན་དུ་ལྕོག་ལམ་སའི་བོད་མིའི་གཞིས་གྲོང་སྟོད་སྨད་བར་གསུམ་དུ་དབྱེ་བ་ལས། སྟོད་ཆའི་བརྒྱ་ཤོག་དང་པོ་དང་། གཉིས་པ། གསུམ་པ། བཅུ་གཅིག་བཅས་ཀྱི་བརྒྱ་དཔོན་རྣམས་ཀྱིས་ཕེབས་བསུ་དང་སྦྲགས། བརྒྱ་ཤོག་དང་པོའི་སྤྱི་ཁང་ཕུན་ཚོགས་འདོད་དོན་ཁང་དུ་ལྷན་དུ་འཛོམས་གནང་ཞིང་། སྐབས་དེར་ལ་སྤྱི་ནས་སྤྱི་འཐུས་རྣམ་གཉིས་ཀྱི་ངོ་སྤྲོད་སྙིང་བསྡུས་ཞུས་པ་དང་། སྤྱི་འཐུས་རྣམ་གཉིས་ཀྱིས་ས་བགོས་ཕྱོགས་བསྐྱོད་དང་འབྲེལ་བའི་གསུང་བཤད་སྙིང་བསྡུས་དང་། བརྒྱ་ཤོག་སོ་སོའི་བརྒྱ་དཔོན་ཚོས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་འཐུས་ཚང་ཞུས་གནང་འདུག

སྔ་དྲོ་ཆུ་ཚོད་ ༡༠།༢༦ ཐོག་སྤྱི་འཐུས་རྣམ་པ་གཉིས་བོད་ཁྱིམ་སློབ་གྲྭའི་ཡིག་ཚང་ལ་ཕེབས་འབྱོར་སྐབས། དབུ་འཛིན་དང་། སློབ་སྤྱི་རྣམ་གཉིས་ནས་ཕེབས་བསུ་དང་སྦྲགས། ཡིག་ཚང་ནང་གསོལ་ཇ་བཞེས་ཏོག་གོ་སྒྲིག་ཞུས་ཤིང་། སྐསབ་དེར་སློབ་གྲྭའི་དབུ་འཛིན་མཆོག་གིས་སློབ་གྲྭའི་འདས་སོང་དང་ད་ལྟའི་གནས་སྟངས་བཅས་ངོ་སྤྲོད་གནང་རྗེས། ཡིག་ཚང་དང་། དཔེ་མཛོད། འཛིན་ཁང་། ཁྱིམ་ཚང་། འཕྲུལ་ཆས་སྡེ་ཚན་ཁང་། ཚན་རིག་སྡེ་ཚན་ཁང་། (AV Room) འགྲེམས་སྟོན་ཁང་། དམིགས་བསལ་སློབ་གྲྭ། རྒན་གསོ་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་འདུག


ཉིན་གུང་ཆུ་ཚོད་ ༡༢།༤༥ ཐོག་བོད་མིའི་གཞིས་གྲོང་བར་མའི་བརྒྱ་ཤོག་བཞི་པ་དང་། ལྔ་པ། བཅུ་པ། བཅུ་གཉིས་བཅས་ཀྱི་བརྒྱ་དཔོན་རྣམས་དང་ལྷན་འཛོམས་ཀྱིས་བརྒྱ་དཔོན་སོ་སོའི་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་བ་དང་། དེ་རྗེས། ཆུ་ཚོད་ ༡།༣༥ ལ་གཞིས་གྲོང་སྨད་ཆའི་བརྒྱ་ཤོག་དྲུག་པ་དང་། བདུན་པ། བརྒྱད་པ། དགུ་པ་བཅས་ཀྱི་བརྒྱ་དཔོན་རྣམས་དང་ལྷན་འཛོམས་ཀྱིས་གོང་གསལ་ལྟར་ཕན་ཚུན་བཀའ་བསྡུར་ལྷུག་པོགནང་ཡོད་འདུག

<ཉིན་རྒྱབ་ཆུ་ཚོད་ ༢།༡༥ ཐོག་མ་ཁྱུ་དང་། ཆུ་ཤུལ་བོད་མིའི་འབྲོག་སྡེ་རྣམས་ལྕོག་ལམ་སའི་གཞིས་གསར་སྤྱི་ཁང་དུ། ས་འཐུས་ཚོགས་གཙོ་དང་ལ་སྤྱི། འགོ་པ་དང་། ས་འཐུས། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། འཐུས་མི་བཅས་རྒྱས་འཛོམས་ཐོག དོགས་འདྲི་ཕུལ་བ་ཁག་ལ་ལེན་འདེབས་འཐུས་ཚང་གནང་ཡོད་འདུག ད་ལྟའི་ཆར་སྤྱི་ཁང་གསར་རྒྱག་གནང་བཞིན་པ་རེད་འདུག

དེ་ནས་ཆུ་ཚོད་ ༣།༣༥ ལ་དྭགས་གླེ་རུ་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་ལས་ཁུངས་སུ་ཕེབས་ཤིང་། སྐབས་དེར་ཚོང་ལྷན་གྱི་འགན་འཛིན་དང་དྲུང་ཆེ། རྩིས་པ། དངུལ་གཉེར་བཅས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་རྗེས། འགན་འཛིན་གྱིས་ས་གནས་ཀྱི་ཚོང་གི་གནས་སྟངས་སྔ་རྗེས་སོགས་ངོ་སྤྲོད་དང་བདེ་སྡུག་བཅས་སྙན་སྒྲོན་གནང་བ་དང་། ཕྱི་དྲོ་ཆུ་ཚོད ༤།༤༥ ཐོག་གླེའི་གལ་ཆེའི་མི་སྣ་ཞིག་གིས་སྤྱི་འཐུས་རྣམ་གཉིས་མཇལ་འདོད་ལྟར། མཇལ་འཕྲད་ཀྱིས་བོད་མིའི་གནས་སྟངས་ཐད་ནས་ཕན་ཚུན་བཀའ་མོལ་ལྷུག་པོ་བྱུང་ཡོད་འདུག


དགོང་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་ལྕོག་ལམ་སའི་མགྲོན་ཁང་ལ་ཕྱིར་ཕེབས་འབྱོར་སྐབས། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སློབ་སྟོན་པ་དང་། ཚོགས་གཙོ་ཚོགས་གཞོན། དྲུང་ཆེ་དང་དངུལ་གཉེར་བཅས་ནས་དགོང་དྲོའི་གསོལ་ཚིགས་གོ་སྒྲིག་ཞུས་པ་ལྟར་སྤྱི་འཐུས་རྣམ་གཉིས་ལྷན་བཅར་གནང་སྟེ། ཉིན་དེའི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་ཡོད་པ་བཅས།