བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་བྱང་ཐང་བཀག་གཞུང་དང་། རྒོད་ཡུལ། ཧང་ལེ་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ།

༄༅། །ཕྱི་ལོ ༢༠༢༥ ཟླ་ ༩ པའི་ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་བྱང་ཐང་བཀག་གཞུང་དང་། རྒོད་ཡུལ། ཧང་ལེ་བཅས་ཀྱི་ས་གནས་སུ་གནས་སྡོད་བོད་མི་རྣམས་སོ་སོར་ཐུག་འཕྲད་ཀྱིས་གསུང་བཤད་དང་། མང་ཚོགས་ཀྱི་བདེ་སྡུག་གསན་ཞིབ། གཞིས་དགོན་ཁག་ལ་མཆོད་མཇལ། ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་ཚོགས་འདུ་སོགས་ཚོགས་ཏེ། ས་གནས་བོད་མིའི་བདེ་སྡུག་གནས་སྟངས་རྒྱུས་ལོན་སོགས་གནང་འདུག

དེ་ཡང་ཕྱི་ཟླ་ ༩ པའི་ཚེས་ ༢༩ ཉིན་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་ལ་དྭགས་བྱང་ཐང་ནུ་མའི་གྲོང་ཚོར་ཞོགས་ཟས་ལྷན་འཛོམས་ཐོག ས་གནས་འགོ་པས་ཁུལ་འདིར་གནས་སྡོད་བོད་མི་རྣམས་ཕན་ཚུན་འཆམ་པོ་ཡོད་ཚུལ་སྐོར་དང་། འཚོ་བའི་དཀའ་ངལ་ཕྲན་བུ་ཡོད་ནའང་རང་ཁ་རང་གསོ་ཡིན་པ། ད་ལན་བྱང་ཐང་ཁུལ་ལ་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཕེབས་པར་བཀའ་དྲིན་ཆེ་ཞེས་བསྔགས་བརྗོད་ཞུས་འདུག་པ་དང་།
སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་གཙོ་བོ་ས་གནས་ཀྱི་ཡུལ་ཁྲིམས་བརྩི་སྲུང་དགོས་གལ་དང་། བོད་མིའི་ནང་ཁུལ་ཁྱིམ་ཚང་འཆམ་པོར་གནས་དགོས་པའི་ལམ་སྟོན་གནང་རྗེས། སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་ནུ་མའི་གྲོང་ཚོ་ནས་ཕེབས་ཐོན་གྱིས་ལོ་མ་གྲོང་ཚོ་བརྒྱུད་དེ། སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་མིའི་གཞིས་གྲོང་བཀག་གཞུང་ངམ་གདོང་གྲོས་སུ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ས་གནས་བོད་མི་ཚོས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་ནས་སྤྱི་འཐུས་རྣམ་གཉིས་ནས་ས་གནས་གཞིས་དགོན་ལ་མཆོད་མཇལ་དང་། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་སྙིང་བསྡུས་རེ་དང་། ཡུལ་ཁྲིམས་བརྩི་སྲུང་དགོས་གལ་ཆེན་པོ་ཡིན་པའི་ལམ་སྟོན། དེ་བཞིན་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གས་བཤད་འཐུས་ཚང་གནང་རྗེས། ས་གནས་བོད་མི་ཉམ་ཐག་ཁྱིམ་ཚང་ཁག་གཅིག་གི་ནང་གཟིགས་ཞིབ་གནང་ཡོད་འདུག
ཉིན་གུང་ཆུ་ཚོད་ ༡།༠༠ པོའི་ཐོག་རྒོད་ཡུལ་བོད་མིའི་གཞིས་གྲོང་དུ་ཕེབས་ཐོན་གནང་ཞིང་། ས་གནས་སུ་ཕེབས་འབྱོར་སྐབས། ས་གནས་བོད་མི་ཚོས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་རྗེས། མང་ཚོགས་ལ་གསུང་བཤད་དང་། དྲི་བར་ལན་འདེབས་གསལ་བཤད་འཐུས་ཚང་གནང་འདུག ས་གནས་དེར་གྲོང་ཚོ་ ༡༤ དང་། མི་གྲངས་ ༥༡ ཡོད་འདུག འཚོ་བ་ནི་ལམ་བཟོ་དང་འབྲོག་ལས་སོགས་རེད་འདུག
དེ་ནས་དགོང་དྲོ་ཆུ་ཚོད་ ༥།༠༠ པའི་ཐོག་ལ་འོར་གླེའམ་ཧང་ལེ་གྲོང་ཚོར་ཕེབས་འབྱོར་སྐབས། ས་གནས་སུ་གནས་སྡོད་བོད་མི་རྣམས་ནས་སྣེ་ལེན་ཕེབས་བསུ་དང་། དེ་རྗེས་བོད་མིའི་གཞིས་གྲོང་ནང་ཕེབས་ཏེ། བོད་མི་ཉམ་ཐག་རྣམས་ཀྱི་ཁྱིམ་དུ་གཟིགས་ཞིབ་དང་། གཞིས་དགོན་གསར་དུ་བཞེངས་པའི་ས་གནས་སུ་གཟིགས་སྐོར་བཅས་གནང་རྗེས། ས་གནས་སུ་ཡོད་པའི་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་ཕེབས་ཤིང་།
སྐབས་དེར་སློབ་གྲྭའི་འགན་འཛིན་ནས་ཕེབས་བསུ་དང་འབྲེལ། སློབ་གྲྭའི་འཛིན་གྲྭ་སྔོན་འགྲོ་དང་པོ་ནས་གསུམ་པ་བར་གནས་སྟངས་སྐོར་ངོ་སྤྲོད་གནང་ཞིང་། དེ་ཡང་སློབ་གྲྭའི་ནང་དགེ་རྒན་གྲངས་ ༩ དང་ལས་བྱེད་གྲངས་ ༨ སློབ་མ་གྲངས་ ༩༡ བཅས་ཡོད་འདུག
དེ་ནས་སྤྱི་འཐུས་རྣམ་གཉིས་དབུ་བཞུགས་ཐོག ས་གནས་བོད་མི་གནད་ཡོད་མི་སྣ་རྣམས་དང་ལྷན་དུ་ཚོགས་འདུ་ཚོགས་ཡོད་འདུག ཧང་ལེ་བོད་གཞིས་སུ་གྲོང་ཚོ་ ༨༥ དང་མི་གྲངས་ ༤༦༩ བཅས་ཡོད་འདུག འཚོ་བ་ནི། བོད་མིའི་གྲོང་ཚོ་གཞན་ལྟར་ལམ་བཟོ་དང་འབྲོག་ལས་སོགས་རེད་འདུག ཚོགས་འདུ་གྲུབ་མཚམས། དགོང་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་ཧང་ལེ་བོད་མིའི་གཞིས་གྲོང་གི་མགྲོན་ཁང་ལ་བཞུགས་ཞག་གནང་སྟེ། ཉིན་དེའི་ལས་རིམ་ཁག་ལེགས་པར་གྲུབ་གནང་ཡོད་པ་བཅས།