
༄༅། །ཕྱི་ལོ ༢༠༢༥ ཟླ་ ༩ པའི་ཚེས་ ༢༨ ཉིན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་བྱང་ཐང་ནུ་མ་ཁུལ་གྱི་བོད་མི་རྣམས་ཐུག་འཕྲད་ཀྱིས་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་དང་། མི་མང་གི་བདེ་སྡུག་གཟིགས་ཞིབ། དེ་བཞིན་མང་ཚོགས་ལ་གསུང་བཤད་དང་། ས་གནས་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་ཕེབས་གནང་ཡོད་པ་རེད།

དེ་ཡང་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་ལ་སྤྱི་དང་། ལས་དྲུང་རྣམ་གཉིས་ལྷན་དུ། བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ལྕོག་ལམ་སར་ནས་ལ་དྭགས་བྱང་ཐང་དུ་ཕེབས་ཐོན་གནང་སྟེ། དབང་བཞི་དང་། དཀོན་རོན་ཞེས་པའི་ས་གནས་སུ་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་ཕེབས་འབྱོར་སྐབས། ས་གནས་བོད་མི་ཚོས་ཕེབས་བསུ་སྣེ་ལེན་དང་། དེ་ནས་མུ་མཐུད་ལམ་ཞུགས་ཀྱིས་ཆུ་དམར་ཐང་དང་། རྒྱང་མཇལ་ལམ་གྱང་འཇམ་ཞེས་པའི་ས་གནས་ཀྱི་གཞུང་ལམ་ཟུར་དུ་ལོ་རྒྱུས་ལྡན་པའི་མཆོད་རྟེན་བརྒྱ་དང་བརྒྱད་ཡོད་པར་མཇལ་ཁ་ཞུས་གནང་ཡོད་འདུག

སྤྱིར་བཤད་སྲོལ་ལ་མཆོད་རྟེན་དེ་དག་རྒྱལ་པོ་ཨ་ཤོ་ཀའི་དུས་སུ་བཞེངས་པ་དང། གཞན་ཡང་ལྷ་དང་ལྷ་མིན་ཡིན་གྱིས་བཞེངས་པ་ཡིན་ཚུལ་གྱི་བཤད་སྲོལ་ཡང་ཡོད་འདུག གང་ལྟར་མཆོད་རྟེན་དེ་དག་རྩ་ཆེན་དང་ལོ་རྒྱུས་ཡུན་རིང་ལྡན་པའི་གནས་ཤིག་རེད་འདུག

དེ་ནས་མ་ཧེ་ཞེས་པའི་ས་གནས་སུ། ཀརྨ་ཐུབ་བསྟན་ཆོས་འཁོར་གླིང་ངམ་མ་ཧེ་དགོན་གྱི་སྒྲུབ་དཔོན་ལགས་ཀྱིས་ཕེབས་བསུ་སྣེ་ལེན་དང་སྦྲགས། དགོན་པ་རྙིང་པ་དང་གསར་དུ་བཞེངས་བཞིན་པའི་དགོན་པ་དང་། རུང་ཁང་བཅས་ལ་གཟིགས་སྐོར་གནང་རྗེས། མུ་མཐུད་ཕེབས་ཐོན་གནང་སྟེ། ལམ་ཟུར་ནས་སེངྒེ་གཙང་པོ་བརྒྱུད་དེ། ནུ་མ་ཞེས་པའི་གྲོང་ཚོར་ཕེབས་འབྱོར་སྐབས། ས་འཐུས་ཚོགས་མི་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། འགོ་པ། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་པ་དང་།

དེ་ནས་ལ་སྤྱི་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་དང་། ས་འཐུས་གཙོས་ས་གནས་ས་ཐོག་གི་བོད་མིའི་གནས་སྟངས་དང་འཚོ་བའི་བདེ་སྡུག་སོགས་ཀྱི་སྐོར། ས་གནས་སུ་བོད་མིའི་མི་འབོར་ཇི་ཡོད་བཅས་ངོ་སྤྲོད་གསུང་བཤད་གནང་འདུག (རྩ་བའི་ནུ་མ་གྲོང་ཚོ་ནི་བྱང་ཐང་གི་རྒྱལ་ས་རེད་འདུག) འདིར་བོད་མིའི་གྲོང་ཁྱིམ་ ༣༡ དང་མི་གྲངས་ ༢༡༧ ཡོད་འདུག སྔོན་མ་གྲོང་ཁྱིམ་ ༦༠ ཙམ་ཡོད་པ་འགྲེལ་བརྗོད་དང་། ཕྱིས་སུ་ཁྱིམ་ཚང་སུམ་ཅུ་ཙམ་ས་གནས་གཞན་ལ་གནས་སྤོས་ཕྱིན་འདུག

ད་ལྟའི་ཆར་འཚོ་རྟེན་ནི། ར་ལུག་དང་། ཚོང་། དགུན་ཚོང་། ཟ་ཁང་། གླ་འཁོར་བཅས་ཀྱི་འཚོ་བ་རང་སྐྱོང་ཡིན་པར་གསལ་བཤད་གནང་ཡོད་འདུག

སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས། བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཞིང་འབྲོག་གཉིས་ཀྱི་འཚོ་བའི་གལ་གནད་དང་འབྲེལ། ཁོང་རྣམ་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་འབྲོག་པའི་འཚོ་བ་མུ་མཐུད་རྒྱུན་འཁྱོངས་བདག་གཅེས་གནང་བར་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་མུ་མཐུད་དེ་བོད་ཀྱི་སྲོལ་ལུགས་ཀྱི་འབྲོག་པའི་འཚོ་བའི་གོམས་སྲོལ་བཟང་པོ་དེ་དག་མཇུག་སྐྱོང་དགོས་ཚུལ། དེ་བཞིན་ས་གནས་ཡུལ་ཁྲིམས་སྲུང་བརྩི་བྱ་རྒྱུ་གལ་ཆེ་ཡིན་ལུགས་སོགས་ཀྱི་ལམ་སྟོན་དང་།

སྤྱི་འཐུས་རྣམ་པ་ས་གནས་སུ་ཕྱོགས་ཕེབས་གནང་དགོས་པའི་རྒྱུ་མཚན། ས་གནས་ཀྱི་དཀའ་སྡུག་ཅི་ཡོད་སྐོར་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གྱིས་བཀའ་བསྡུར་ལྷུག་པོ་གནང་ཡོད་འདུག ནུ་མ་གྲོང་ཚོའི་མདུན་ངོས་ཀྱི་གངས་རི་དེར་གཤོངས་སྡིངས་གངས་རི་ཟེར་གྱི་འདུག་ཅིང་། དེའི་ཉེ་འགྲམ་དུ་ཡོད་པའི་མཚོ་དེའི་མིང་ལ་གཤོངས་སྡིངས་མཚོ་ཞེས་ཟེར་གྱི་ཡོད་པ་འགྲེལ་བརྗོད་གནང་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་ནུ་མའི་བོད་མིའི་གཞིས་གྲོང་གི་ལས་ཁུངས་ནས་ཕེབས་ཐོན་གནང་སྟེ། བོད་ཁྱིམ་གཞི་རིམ་སློབ་གྲྭའི་སྒོ་ཆེན་མདུན་ལ་ཕེབས་འབྱོར་སྐབས། སློབ་གྲྭའི་འགན་འཛིན་གྱིས་ཕེབས་བསུ་སྣེ་ལེན་དང་སྦྲགས། འགན་འཛིན་མཆོག་གིས་སྔོན་འགྲོ་དང་པོ་ནས་འཛིན་རིམ་གསུམ་པ་བར་དུ་ཡོད་པའི་སྐོར་དང་། སློབ་མ་ཁྱོན་བསྡོམས་དྲུག་ཅུ་རེ་གཉིས་དང་། དགེ་རྒན་ལྔ་དང་ལས་བྱེད་གསུམ་བཅས་ཁྱོན་དགེ་ལས་བརྒྱད་ཡོད་པ་འགྲེལ་བརྗོད་གནང་འདུག སློབ་མ་ཆུང་ཤོས་ལོ་ ༣ དང་། ཆེ་ཤོས་ ༡༡ བར་དུ་རེད་འདུག

དེ་རྗེས་སློབ་གྲྭའི་འཛིན་ཁང་དང་། དཔེ་མཛོད་ཁང་། ཉལ་ཁང་། ཁོར་ཡུག་སོགས་ལ་གཟིགས་སྐོར་གནང་བ་དང་། ཕྱི་དྲོ་ཆུ་ཚོད་ ༥།༠༠ ཙམ་ལ་ནུ་མ་གྲོང་ཚོའི་ཁྱིམ་ཚང་ཁག་ཁ་ཤས་ནང་དུ་ཆེད་བཅར་གྱིས་འཚོ་བའི་གནས་སྟངས་དང་། དཀའ་ངལ་ཅི་ཡོད་བཅས་ཀྱི་ཐོག་ལ་རྒྱུས་ལོན་གནང་སྟེ། དགོང་དྲོ་ཆུ་ཚོད་ ༨།༠༠ ཙམ་ལ་དེ་ཉིན་གྱི་གཞུང་འབྲེལ་ལས་དོན་ཁག་ལེགས་གྲུབ་བྱུང་ཡོད་འདུག་པ་བཅས།
