བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་ལྕོག་ལམ་སར་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བ།

༄༅། །ཕྱི་ལོ ༢༠༢༥ ཟླ་ ༩ པའི་ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་རྣམ་གཉིས་ནས་ལ་དྭགས་ལྕོག་ལམ་སར་ཁུལ་ལ་ཡོད་པའི་དགོན་སྡེ་ཁག་ལ་མཆོད་མཇལ་དང་། ས་གནས་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་གཟིགས་སྐོར། ས་གནས་བོད་མིའི་གནད་ཡོད་མི་སྣ་རྣམས་ཐུག་འཕྲད་ཀྱིས་ས་གནས་བོད་མིའི་བདེ་སྡུག་གནས་སྟངས་རྒྱུས་ལོན་སོགས་གནང་འདུག

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་དཀར་གྷིར་ཁུལ་གྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་ས་གནས་ནས་ཕེབས་ཐོན་གྱིས། གནམ་དཀྱིལ་ལ་དང་། བླ་མ་གཡུ་རི། མཁར་རྩེ། སྦར་གསོ་ས་གནས་སུ་ཆུ་ཚོད་ ༡།༣༠ ཐོག་ཕེབས་འབྱོར་བྱུང་བ་དང་། ཉིན་གུང་ཞལ་ལག་གྲུབ་རྗེས། དེ་ནས་ཕེབས་ཐོན་གྱིས་ཉིན་མོ་དང་། འཕེལ་ཡངས། སམྒར། སྤོས་སྡུག་ལ་ཕེབས་འབྱོར་སྐབས་སུ། ས་གནས་ཁྲིམས་ཞིབ་པ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་ལ་སྤྱི། ཁ་ལོ་བ་བཅས་ནས་ཕེབས་བསུར་བཅར་བ་དང་། དེ་ནས་ལམ་ཞུགས་ཀྱིས་ཕྱི་དྲོ་ཆུ་ཚོད་ ༣།༠༠ པའི་ཐོག་ལྕོག་ལམ་སར་བཞུགས་གནས་མགྲོན་ཁང་ (khangsar house and Restaurant) དུ་ཕེབས་འབྱོར་སྐབས། ས་གནས་བོད་མི་ཁག་ཅིག་གིས་སྣེ་ལེན་ཕེབས་བསུ་ཞུས་གནང་འདུག

དེ་ནས་རིམ་པས་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་ཁྲིམས་ཞིབ་ཁང་། ས་གནས་རང་བདེན་ཚོགས་ཆུང་། འཕྲོད་བསྟེན་སྨན་ཁང་། སྨན་རྩིས་ཁང་བཅས་སོ་སོའི་ལས་ཁུངས་སུ་ཕེབས་འབྱོར་སྐབས། འབྲེལ་ཡོད་ལས་བྱེད་རྣམ་པས་ལག་ཏུ་མཇལ་དར་བསྣམས་ཏེ་སྣེ་ལེན་ཕེབས་བསུ་དང་། ལས་ཁུངས་སོ་སོར་གཟིགས་སྐོར་གནང་རྗེས། ས་གནས་ཁྲིམས་ཞིབ་ཁང་དང་། སླེ་བྱང་གཉིས་ཀྱི་རང་བདེན་ཚོགས་ཆུང་། ས་གནས་འཐུས་ཚོགས་བཅས་ཀྱི་ཁང་པ་གསར་རྒྱག་གནང་བཞིན་པར་གཟིགས་ཞིབ་དང་རྒྱུས་ལོན་གནང་འདུག

དེ་ནས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་ཁང་དུ། ཕྱོགས་ཕེབས་སྤྱི་འཐུས་རྣམ་གཉིས་དབུ་བཞུགས་ཐོག ས་གནས་ཁྲིམས་ཞིབ་པ་དང་། ས་འཐུས་ཚོགས་གཙོ། ལ་སྤྱི། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་ལྔ་བཅས་དང་ལྷན་བཞུགས་མོལ་ཚོགས་འདུ་ལྟ་བུའི་ས་གནས་ཀྱི་དཀའ་ངལ་ཇི་ཡོད་ཐོག་ཕན་ཚུན་བགྲོ་གླེང་ཆུ་ཚོད་ཕྱེད་ཙམ་གནང་རྗེས། དགེ་ལུགས་དགོན་པ་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་པར་མཆོད་མཇལ་ལ་ཕེབས་ཤིང་། སྐབས་དེར་དགོན་པའི་ཕྱག་མཛོད་དགེ་བཤེས་རྣམ་གཉིས་ནས་ཕེབས་བསུ་སྣེ་ལེན་ཞུས་འདུག

དེ་ནས་རིམ་པས་གཤེན་བསྟན་གཡུང་དྲུང་ལྷ་རྩེ་བོན་གྱི་དགོན་པ་དང་། ཀརྨ་སྒྲུབ་བརྒྱུད་ཆོས་གླིང་དགོན་པ་བཅས་ལ་མཆོད་མཇལ་ཞུས་པ་དང་། དགོན་པ་སོ་སོའི་ཕྱག་མཛོད་རྣམ་པས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་མ་ཟད། གསོལ་ཇ་བཞེས་ཏོག་སོགས་གོ་སྒྲིག་ཞུས་འདུག

དེ་ཉིན་ལས་རིམ་མཐའ་མར། སྤྱི་འཐུས་རྣམ་པ་གཉིས་ནས་༧རྒྱལ་བའི་ཕོ་བྲང་དགེ་ལེགས་གླིང་ (ཞི་བའི་ཚལ།) དུ་གཟིམ་ཆུང་མཇལ་བར་ཕེབས་པ་དང་། དེ་བཞིན་ཉེ་འཁོར་ཁོར་ཡུག་སོགས་ལ་གཟིགས་སྐོར་གནང་རྗེས། ཉིན་དེའི་གཞུང་འབྲེལ་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་བཅས།