
༄༅། ། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་སྤྱི་འཐུས་བ་རི་ཟླ་བ་ཚེ་རིང་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༦ ཉིན་ལྷོ་སྤྱི་ཁྱབ་ཁོངས་ས་གནས་ཁག་དང་། སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་བཙུགས་ཡོད་པ་རེད།

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༨ པའི་ཚེས་ ༦ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༦།༣༠ ཐོག་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་གནམ་ཐང་དུ་ཕེབས་འབྱོར་སྐབས། ལྷོ་སྤྱི་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་ཚེ་དཔལ་ལགས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་།

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་བོད་ཁྱིམ་ལས་ཁུངས་དང་། ལྷོ་སྤྱི་ལས་ཁུངས་སུ་འཚམས་གཟིགས་གནང་རྗེས། རྒྱ་གར་ལྷོ་ཕྱོགས་པོན་ཌི་ཅེ་རི་(Pondicherry) གྲོང་ཁྱེར་དུ་ཕེབས་ཐོན་གྱིས་དགོང་དྲོ་ཆུ་ཚོད་ ༥།༠༠ ཙམ་ལ་པོན་ཌི་ཅེ་རི་གནམ་ཐང་དུ་ཕེབས་འབྱོར་སྐབས། ཨོ་རོ་ཝེ་ལི་ (Auroville) བོད་ཁང་འགན་འཛིན་སྐལ་བཟང་སྒྲོལ་མ་ལགས་ནས་ཕེབས་བསུའི་སྣེ་ལེན་དང་། དེ་ནས་མགྲོན་ཁང་དུ་ཕེབས་ཐོན་གནང་སྟེ། བོད་ཁང་ཐོག་ཐོག་མར་གསར་འཛུགས་གནང་མཁན་མཁས་དབང་སྐུ་ཞབས་ཀ་ལའོ་ཌེ་ཨར་པི་ (Claude Arpi) ལགས་དང་ལྷན་མཇལ་འཕྲད་ཀྱིས་དགོང་དྲོ་གསོལ་ཚིགས་ལྷན་དུ་བཀའ་བསྡུར་ལྷུགས་པོ་གནང་འདུག

ཕྱི་ཚེས་ ༨ ཉིན་སྔ་དྲོ་ཆུ་ཚོད་ ༧།༠༠ ནས་ཨོ་རོ་ཝེ་ལི་ལག་ཤེས་སྦྱོང་བརྡར་ཁང་ལ་གཟིགས་སྐོར་གནང་རྗེས། ཕྱི་དྲོ་ཆུ་ཚོད་ ༣།༠༠ པ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེ་ན་ཡའི་ (Chennai) ལ་ཕེབས་ཐོན་གནང་ཞིང་། ས་གནས་ཕེབས་འབྱོར་སྐབས། སྨན་རྩིས་ཁང་ཡན་ལག་འགན་འཛིན་སྨན་པ་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་གཙོས་ལས་བྱེད་རྣམས་ནས་སྣེ་ལེན་གཟབ་རྒྱས་དང་། དེ་ནས་ས་གནས་སྨན་རྩིས་ཁང་ལ་གཟིགས་སྐོར་གནང་རྗེས། བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་ཡོད་འདུག

ཕྱི་ཚེས་ ༩ ཉིན་གུང་ཆུ་ཚོད་ ༡༢།༠༠ ཙམ་ལ་མེ་སོར་མེ་འཁོར་བབས་ཚུགས་སུ་ཕེབས་འབྱོར་སྐབས། སྦེལ་ཀོབ་བདེ་སླར་ལས་དྲུང་བསྟན་འཛིན་ནོར་འཛིན་ལགས་ནས་ཕེབས་བསུ་སྣེ་ལེན་དང་། ཆུ་ཚོད་ ༣།༠༠ པར་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ས་གནས་སུ་རྟེན་གཞི་བྱས་པའི་༧རྒྱལ་བའི་ཕོ་བྲང་གི་མདུན་དུ་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ལས་སྣེ་ཡོངས་ནས་སྣེ་ལེན་གཟབ་རྒྱས་ཞུས་རྗེས། ༧རྒྱལ་བའི་ཕོ་བྲང་ནང་མཆོད་མཇལ་དང་།

དེ་ནས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་རྗེས། ལས་དྲུང་ནས་ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཀྱི་སྐོར་ངོ་སྤྲོད་དང་། དེ་བཞིན་སྤྱི་འཐུས་བ་རི་ཟླ་བ་ཚེ་རིང་མཆོག་ནས་ས་གནས་སུ་འབྱོར་སྐབས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་བཅས།

