བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བལ་ཡུལ་སྤོག་ར་གློ་སྒྲིག་དཔལ་འབྱོར་གླིང་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་བརྙན་ལམ་བརྒྱུད་གསུང་གཤད། 

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༥ ཉིན་བལ་ཡུལ་གློ་སྒྲིག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་དཔལ་འབྱོར་གླིང་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བརྙན་འཕྲིན་བརྒྱུད་འཚམས་འདྲི་ཞུས་གནང་ཡོད་པ་དང་། བརྙན་འཕྲིན་ནང་གསུང་དོན། དེ་རིང་བལ་ཡུལ་སྤོག་ར་གློ་སྒྲིག་དཔལ་འབྱོར་གླིང་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོ་སྲུང་བརྩི་ཐོག་ཕེབས་མཁན་གྱི་སྐུ་མགྲོན་རྣམ་པ་དང་། གཞིས་ཆགས་ཀྱི་འགན་འཁུར་མཁན་རྣམ་པ། དེ་བཞིན་གཞིས་ཆགས་ཀྱི་མང་ཚོགས་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་སྒེར་ངོས་ནས་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གཞིས་ཆགས་གློ་སྒྲིག་དཔལ་འབྱོར་གླིང་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། རྣམ་པ་ཚོས་བརྒྱུད་རིམ་མང་པོའི་ཐོག་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་མང་པོ་ཞིག་རིམ་པས་གནང་ནས་ལོ་ ༥༠ འཁོར་འགྲོ་ཡི་ཡོད་རེད། སྤྱིར་བཏང་ལོ་ ༥༠ ཟེར་དུས་གྲངས་ཀར་བརྩིིས་ན་མགྱོགས་པོ་འདྲ་ཞིག་ཐོན་འགྲོ་ཡི་ཡོད་རེད་དེ། མི་ཞིག་གི་མི་ཚེར་བསམ་བློ་བཏང་ན་མི་ཚེ་ཕྱེད་ཀ་ལྷག་ཙམ་རྫོགས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ང་ཚོ་བོད་ནས་བཙན་བྱོལ་དུ་ཡོང་བ་དེའང་སོ་སོ་ཟ་རྒྱུ་དང་འཐུང་རྒྱུའི་ཆེད་དུ་མིན་པར། གཙོ་བོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཤིག་ཆགས་པའི་རྒྱུ་མཚན་ལ་བརྟེན་ནས་རེད། དེ་འདྲའི་དུས་སྐབས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་རེད། དེ་བཞིན་བོད་པ་རྣམས་གནས་ཡུལ་རྒྱལ་ཁབ་སོ་སོའི་གཞུང་དང་མང་ཚོགས་ཀྱི་མཐུན་འགྱུར་ལ་བརྟེན་ནས་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ། ཟུར་དུ་བོད་པ་རང་གནས་ཐུབ་རྒྱུའི་གནས་བབ་དེ་བྱུང་བ་ཡིན་དུས། ང་རང་ཚོའི་ངོས་ནས་དམིགས་བསལ་གྱིས་སྤོབས་པ་སྐྱེ་དགོས་པ་ཞིག་རེད། དུས་ཚོད་དེའི་ནང་དུ་བོད་བསྟན་སྲིད་རེད། ལྷག་པར་དུ་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་བཟང་པོ་དེ་དག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱུང་ཐུབ་རྒྱུར་མི་རབས་རྒན་པ་ཚོ་ནས་ད་ལྟ་རྣམ་པ་ཚོའི་བར་དུ་འགན་ཁུར་རིམ་པའི་ཐོག་ནས་དེ་འདྲ་བྱུང་བ་ཡིན་དུས། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་འོག་ཏུ་ཞབས་འདེགས་ཞུ་རྒྱུ་འདི་དང་། བོད་བསྟན་སྲིད་ལ་ཕན་ཐོགས་རྒྱུའི་ཞབས་འདེགས་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ང་རང་ཚོའི་གཞིས་མི་རྒན་པ་ཚོ་ཡིན་ནའང་རེད། ད་ལྟ་གཞིས་མི་ཡོད་བཞིན་པ་རྣམ་པ་ཚོ་ཡིན་ནའང་འདྲ། དེ་འདྲའི་མཆོད་སེམས་ཟེར་ནའང་མི་འདུག སོ་སོའི་བློས་བཏང་དང་། སེམས་ཤུགས་མ་ཆག་པའི་ཐོག་ནས་མ་འོངས་པར་ང་ཚོ་བཙན་བྱོལ་ནང་ག་ཚོད་གནས་དགོས་ཀྱི་ཡོད་ནའང་རུང་། དུས་ཚོད་དེའི་རིང་དུ་གནས་ཐུབ་རྒྱུ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རེད། སྐད་ཡིག གོམས་གཤིས་དེ་ཚོ་སླར་གསོ་བྱེད་ཐུབ་པ། མི་ཉམས་པར་མུ་མཐུད་ནས་རྒྱུན་འཛིན་བྱེད་ཐུབ་རྒྱུའི་སེམས་ཤུགས་དང་སྤོབས་པ་སྐྱེ་ཐུབ་དགོས་རྒྱུ་འདི་གལ་ཆེན་པོ་རེད་འདུག རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་བོད་ལ་དམིགས་བསལ་གྱི་རྒྱབ་སྐྱོར་གནང་བ་དེ་འདྲ་བྱུང་བསྡད་ཡོད་རེད། རིམ་པས་རྒྱ་ནག་ནང་རེད། བོད་ནང་དུ་བོད་མིའི་གནས་སྟངས་དེ་དག་བཟང་ཕྱོགས་སུ་འགྱུར་བ་འགྲོ་རྒྱུ་ཡིན་དུས། ཏན་ཏན་གྱི་ང་རང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་མི་སྲིད་པ་མ་རེད། དེ་ཡིན་དུས་ང་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་བའི་དུས་ཚོད་ལའང་བོད་ནང་གི་བོད་མིི་ཚོར་ལེགས་སྐྱེས་འབུལ་ཐུབ་རྒྱུའི་བཟང་སྤྱོད་རེད། རིག་གཞུང་རེད། དེ་བཞིན་ཆབ་སྲིད་ཀྱི་འགྲོ་སྟངས་དེའང་མང་གཙོའི་ལམ་ནས་ཡིན་དུས་མི་ཚང་མར་ཆ་ཤས་བཞེས་རྒྱུའི་གོ་སྐབས་ཡོད་པས། དེའི་ཐོག་ལ་དུས་རྒྱུན་དུ་ནས་འགན་ཁུར་བཞེས་ཐུབ་དགོས་རྒྱུ་དེ་ཞེ་དྲག་གི་གལ་ཆེན་པོ་རེད་བསམ་གྱི་འདུག དེ་རིང་རྣམ་པ་ཚོས་བལ་ཡུལ་སྤོག་ར་གློ་སྒྲིག་དཔལ་འབྱོར་གླིང་གཞིས་ཆགས་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་དེའང་འདས་པའི་ལོ་རྒྱུས་ཀྱི་གནས་བབ་ནས་ཉམས་མྱོང་བསགས་ནས་མ་འོངས་པའི་སྤྱིར་བོད་བསྟན་སྲིད་རེད། བྱེ་བྲག་བལ་ཡུལ་སྤོག་ར་གློ་སྒྲིག་དཔལ་འབྱོར་གླིང་གཞིས་ཆགས་དེ་ཡར་རྒྱས་ག་རེ་གཏོང་ཐུབ་དགོས་ཀྱི་འདུག དེ་བཞིན་གཞིས་ཆགས་ནང་ཉམ་ཐག་འཁོས་ཞན་དེ་འདྲ་ཡོད་པ་ཡིན་ན། དེ་ཚོའི་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་རོགས་སྐྱོར་ག་རེ་གནང་དགོས་ཀྱི་འདུག དེ་བཞིན་ན་གཞོན་སློབ་ཕྲུག་ཚོར་འདབ་ཤོག་གཉིས་ལྡན་གྱི་མ་འོངས་པར་བོད་སྤྱི་ལ་ཞབས་འདེགས་ཞུ་ཐུབ་རྒྱུའི་ཤེས་ཡོན་དང་། སེམས་ཤུགས་བསྐྲུན་དགོས་རྒྱུ་དེ་ཚོ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་ཚོ་ཚང་མ་དགོངས་པར་བཅངས་རོགས་གནང་ཞུ་རྒྱུ་ཡིན། དེ་རིང་ལྔ་བཅུའི་དུས་དྲན་གོ་སྒྲིག་ཞུ་མཁན་གྱི་རྣམ་པ་ཚོར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།