བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེའི་གཅུང་པོ་སྙན་བརྒྱུད་གདམས་པའི་མངའ་བདག་དགའ་ལྡན་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་སྐུ་མྱ་ངན་ལས་འདས་ཏེ། མི་ལོ་ ༥༥༠ ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་བཅར་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་ཁང་ཆེན་མོའི་ནང་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་ཧོ་ཐོག་ཐུ་ནོ་མོན་ཧན་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེའི་གཅུང་པོ་སྙན་བརྒྱུད་གདམས་པའི་བཀའ་བབ་དགའ་ལྡན་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་མྱ་ངན་ལས་འདས་ཏེ། མི་ལོ་ ༥༥༠ ཧྲིལ་པོ་འཁོར་བའི་རླབས་ཆེན་གྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་གདན་ཞུ་གནང་དོན་ལྟར་ཆེད་བཅར་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་མཛད་སྒོའི་ཐོག་གསུང་བཤད་ཀྱང་གནང་ཡོད།

མཛད་སྒོའི་ཚོགས་མགོན་དུ་སྐུ་མགྲོན་གཙོ་བོ་འཁོན་རིགས་བསྟན་པའི་མངའ་བདག་༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་འཇམ་མགོན་༧རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་ཆེན་རྣམ་པ་དང་། ཇོ་ནང་རྒྱལ་ཚབ་ངག་དབང་ཆོས་ཀྱི་སྣང་བ་མཆོག་དང་མཁན་པོ་བླ་སྤྲུལ་དགེ་བཤེས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུས་པའི་མཛད་གཙོ་ལས་ཟུར་རྣམ་པ་དང་། རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག རྒྱ་གར་ཧི་མྰ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཝི་ཁྲ་ཀུར་མཆོག (Ravi Thakur) གཞན་ཡང་གནད་ཡོད་སྐུ་མགྲོན་དང་། རྒྱ་ཆེའི་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་ཞིག་ཚོགས་ཞུགས་གནང་ཡོད་པ་བཅས། །