བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་རྣམ་གཉིས་ནས་ཀེ་ར་ལ་མངའ་སྡེའི་སྲིད་སྐྱོང་མཆོག་སོགས་དང་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་སྤེལ་བཞིན་པ།

༄༅། ། བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་རྣམ་གཉིས་ནས་ཀེ་ར་ལ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་ཤིང་།

དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་། (CPM) སྲིད་དོན་ཚོགས་པའི་ཚོགས་མི་སྐུ་ཞབས་ཨེ་ ཀེ་བྷ་ལན་ (Shri. A. K. Balan, CPM Central Committee member and former Lok Sabha member) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་།

དེ་བཞིན་ཨིན་ཡིག་ཐོག་ཡོད་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།” དང་། ཚོགས་གཙོའི་མཚན་ཐོག་ནས་གནང་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་ཡིག་བཅས་ཕུལ་ཡོད་པ་དང་།

དེ་རྗེས། ཀེ་ར་ལ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀེ་ སུ་རེན་དྷ་རན་ (Shri. K. Surendran, President, BJP Kerala) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བྷི་ཇེ་པི་དབུས་ཀྱི་དབུ་ཁྲིད་རྣམ་པར་བོད་དོན་སྐོར་སོགས་སྙན་སེང་ཞུ་གནང་ཡོང་བའི་རེ་སྐུལ་ཞུས་པར་སྐུ་ཞབས་ཁོང་གིས་ཞལ་བཞེས་གནང་འདུག སྐུ་ཞབས་ཁོང་ལ་ཨིན་ཡིག་ཐོག་ཡོད་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།” དང་། ཚོགས་གཙོའི་མཚན་ཐོག་ནས་གནང་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་ཡིག་བཅས་ཕུལ་གནང་འདུག

གཞན་ཡང་སྤྱི་འཐུས་རྣམ་པས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྒེར་དྲུང་སྐུ་ཞབས་ཀེ་ ཀེ་ རཱ་གྷེ་ཤ་ (Shri. K. K. Ragesh, former MP of Rajya Sabha and Private secretary to the Chief Minister) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མངའ་སྡེའི་ཞུ་སྐུལ་ལས་དོན་གྱི་དགོས་དམིགས་སྐོར་འགྲེལ་བརྗོད་གནང་འདུག

དེ་ཉིན་ཕྱི་དྲོ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་ཀེ་ར་ལ་མངའ་སྡེའི་སྲིད་སྐྱོང་བཞུགས་གནས་སུ་སྲིད་སྐྱོང་སྐུ་ཞབས་ཨ་རིབ་ མོ་ཧ་མེ་དྷི་ ཁན་ (Hon’ble Shri Arif Mohammed Khan, Governor of Kerala) མཆོག་དང་ལྷན་མཇལ་འཕྲད་ཀྱིས་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་སྐོར་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་ངོ་སྤྲོད་གནང་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་ཡིག་དང་། དྲན་རྟེན་ཕྱག་རྟགས་ཕུལ་གནང་ཞིང་། དགོང་དྲོ་མངའ་སྡེའི་སྲིད་སྐྱོང་མཆོག་གིས་བོད་མི་མང་སྤྱི་འཐུས་རྣམ་པར་གསོལ་སྟོན་ཞིག་བཤམས་པ་དང་། སྐབས་དེར་སྤྱི་འཐུས་རྣམ་པ་གཉིས་ནས་ཡུ་པི་མངའ་སྡེའི་དཔལ་འབྱོར་དང་། གྲོས་ཚོགས་ཀྱི་ལས་དོན་བློན་ཆེན་སྐུ་ཞབས་སུ་རེ་ཤི་ ཁཱ་ན་ (Shri. Suresh Khanna, Minister of Finance and Parliamentary Affairs, Uttar Pradesh) མཆོག་དང་ལྷན་མཇལ་འཕྲད་གནང་འདུག

ཕྱི་ཚེས་ ༢༣ ཉིན་ཀེ་ར་ལ་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཇི་ ཨེ་སི་ བྷ་བུ་ (Shri. G. S. Babu) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མངའ་སྡེ་ཁག་ནང་གི་བོད་དོན་ཞུ་སྐུལ་ལས་དོན་གྱི་དམིགས་ཡུལ་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཁག་ངོ་སྤྲོད་གནང་ཡོད་པ་དང་། དེ་བཞིན་ཨིན་ཡིག་ཐོག་ཡོད་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།” དང་། ཚོགས་གཙོའི་མཚན་ཐོག་ནས་གནང་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་ཡིག་བཅས་ཕུལ་འདུག དེ་རྗེས་བོད་མི་མང་སྤྱི་འཐུས་རྣམ་པས་ཝར་ཀ་ལ་ (Varkala) ས་གནས་སུ་ཡོད་པའི་བོད་རིགས་མང་ཚོགས་ཀྱང་ཐུག་འཕྲད་གནང་ཡོད་པ་བཅས། །