བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་མཆོག་རྣམ་གཉིས་ནས་ཀེ་ར་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། གྲོས་ཚོགས་ཚོགས་གཙོ་མཆོག་རྣམ་གཉིས་དང་སོ་སོར་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༢༣ ཉིན་སྔ་དྲོ་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་མཆོག་རྣམ་གཉིས་ནས་ཀེ་ར་ལ་མངའ་སྡེའི་རྒྱལ་ས་ཏི་ཏུ་ཝ་ནན་ཐ་པུ་ཏམ་ (Thiruvananthapuram) ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པི་ན་ར་ཡི་ ཝི་ཇ་ཡན་ (Shri. Pinarayi Vijayan, Hon. Chief Minister of Kerala) མཆོག་དང་མཇལ་འཕྲད་དང་།

ཉིན་རྒྱབ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨེ་ ཨེན་ ཤམ་སེར་ (Shri. A. N. Shamseer, Hon. Speaker of Kerala Legislative Assembly) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།

མཇལ་འཕྲད་སྐབས་སོ་སོར་སྤྱི་འཐུས་རྣམ་པ་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། རྒྱ་གཞུང་གིས་བོད་ནང་འཛིན་པའི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་གྱི་ལས་རིམ་སྐོར་བཅས་ངོ་སྤྲོད་གནང་ཡོད་འདུག་པ་མ་ཟད། སྤྱི་ལྷན་གྱི་ཞུ་ཡིག་དང་། ཕྱག་རྟགས་བཅས་སོ་སོར་ཕུལ་གནང་འདུག

གཞན་ཡང་སྤྱི་འཐུས་རྣམ་པ་ཀེ་ར་ལ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས།