བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་རྡེ་རང་དང་། དྷེ་མ་པུར། ཀོ་ཧེ་མ་བཅས་སུ་མཚམས་གཟིགས་ཀྱིས་ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཡོངས་སུ་ལེགས་གྲུབ་བྱུང་བ།


༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་གྷོ་ཝ་ཧ་ཀྲི་དང་། ཤིས་ལོངས། བསྟན་འཛིན་སྒང་། འབུམ་སྡེ་ལ། དེ་བཞིན་མོན་རྟ་དབང་ས་གནས་བཅས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༤ ཉིན་གྱི་སྔ་དྲོར་རྟ་དབང་ཁུལ་ནས་ལམ་ཞུགས་ཀྱིས་ཕེབས་ཐོན་གནང་སྟེ་མོན་དཔལ་སྤུངས་བྱང་ཆུབ་ཆོས་འཁོར་གླིང་དུ་ཕེབས་འབྱོར་མཚམས། ཆོས་རྗེ་བླ་མ་ཉི་མ་བཀྲ་ཤིས་མཆོག་ནས་ཕེབས་བསུའི་སྣེ་ལེན་ཞུས་ཏེ། ཐོག་མར་དགོན་པའི་འདུ་ཁང་དུ་མཆོད་མཇལ་གནང་ཡོད་པ་དང་། དེ་རྗེས་མར་པ་ཆོས་ཀྱི་བློ་གྲོས་སློབ་གྲྭར་གཟིགས་སྐོར་དང་། དགེ་ལས་སློབ་མ་ཡོངས་ལ་བོད་ཀྱི་སྐད་ཡིག་དང་། སློབ་སྦྱོང་གི་གལ་ཆེ་རང་བཞིན་སྐོར་བཀའ་སློབ་གསུང་བཤད་གནང་འདུག

སྤྱི་འཐུས་རྣམ་གཉིས་ནས་མོན་དཔལ་སྤུངས་བྱང་ཆུབ་ཆོས་འཁོར་གླིང་དུ་ལས་རིམ་གྲུབ་རྗེས། སླར་ཡང་ལམ་ཞུགས་ཀྱིས་རྡེ་རང་བོད་མིའི་ཁ་འཐོར་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མིས་གཙོས་པའི་མི་མང་ཡོངས་ནས་རྡེ་རང་དུས་འཁོར་ཐང་ཆེན་དུ་ཕེབས་བསུའི་སྣེ་ལེན་ཞུས་འདུག་པ་མ་ཟད། སྤྱི་འཐུས་རྣམ་གཉིས་ནས་མི་མང་འདུ་འཛོམས་ཐོག་གསུང་བཤད་མདོར་བསྡུས་རེ་གནང་རྗེས། མང་ཚོགས་ཀྱི་དྲི་བ་དང་བསམ་ཚུལ་ཁག་ལ་གསལ་བཤད་ལན་འདེབས་གནང་སྟེ་ལས་རིམ་གྲུབ་པ་དང་། སླར་ཡང་ལམ་ཞུགས་ཀྱིས་འབུམ་སྡེ་ལར་ཕེབས་ཐོན་གྱིས་དེར་ཞག་སྡོད་གནང་འདུག

ཕྱི་ཚེས་ ༥ ཉིན་གྱི་ཞོགས་པར་སྤྱི་འཐུས་རྣམ་གཉིས་འབུམ་སྡེ་ལ་ནས་ཕེབས་ཐོན་གནང་སྟེ། ཕྱི་དྲོར་ཏེ་ཛུ་པུར་ལ་ཕེབས་འབྱོར་གནང་འདུག ཕྱི་ཚེས་ ༦ ཉིན་གྱི་ཞོགས་པར་སླར་ཡང་ཏེ་ཛུ་པུར་ནས་ཕེབས་ཐོན་གྱིས་ཉིན་གུང་ན་གྷ་ལན་ཌི་མངའ་སྡེའི་དྷེ་མ་པུར་བོད་མིའི་ཚོང་པའི་འདུ་སྡོད་ས་གནས་སུ་འབྱོར་མཚམས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གཙོས་འབྲེལ་ཡོད་ཚོས་ཕེབས་བསུའི་སྣེ་ལེན་གནང་རྗེས།

ས་གནས་བོད་མིའི་ཁྲོམ་ས་ཁག་ཏུ་གཟིགས་སྐོར་དང་རྒྱུས་ལོན་གནང་འདུག ཕྱི་དྲོར་ས་གནས་བོད་མིའི་སྤྱི་ཁང་དུ་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་ས་གནས་དེའི་བོད་ཡིག་འཛིན་གྲྭ་དང་འབྲེལ་བའི་ཐོག་རྒྱུས་ལོན་དང་གཟིགས་ཞིབ་གནང་འདུག་པ་མ་ཟད། བོད་ཀྱི་སྐད་ཡིག་གི་གལ་གནད་དང་། བོད་ཀྱི་ངོ་བོ་མ་བརླག་པ་བྱེད་དགོས་གལ་སྐོར་སོགས་བཀའ་སློབ་གནང་འདུག

དེ་རྗེས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་ཁང་དུ་གཟིགས་སྐོར་དང་། ཕྱི་དྲོར་ས་གནས་བོད་མིའི་ཚོགས་ཁང་དུ་མི་མང་འཚོགས་འདུ་བསྐོངས་ཏེ་སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་གནང་འདུག་པ་མ་ཟད། མི་མང་གི་བསམ་ཚུལ་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་སོགས་གནང་འདུག

ཕྱི་ཚེས་ ༧ ཉིན་གྱི་ཞོགས་པར་དྷེ་མ་པུར་ནས་ཕེབས་ཐོན་གནང་སྟེ་ན་གྷ་ལན་ཌི་མངའ་སྡེའི་ཀོ་ཧེ་མ་བོད་མིའི་ཚོང་པའི་འདུ་སྡོད་ས་གནས་སུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྤྱི་འཐུས་རྣམ་གཉིས་ནས་ས་གནས་ཀྱི་ཚོགས་ཁང་དུ་བོད་པའི་ཚོང་གཉེར་བ་རྣམས་དང་ཐུག་འཕྲད་ཞུས་པའི་ཁར། ས་གནས་ཀྱི་གནས་སྟངས་ཐོག་རྒྱུས་ལོན་དང་རྟོག་ཞིབ་གནང་བ་མ་ཟད། མང་ཚོགས་ཀྱི་བསམ་ཚུལ་དང་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཞུས་གྲུབ་མཚམས། ས་གནས་ཀྱི་ཁྲོམ་སར་གཟིགས་སྐོར་དང་རྟོག་ཞིབ་གནང་རྗེས་སླར་ཡང་དྷེ་མ་པུར་ལ་ཕྱིར་ཕེབས་ཐོན་གནང་ཡོད་འདུག

བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་གྱི་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཧ་ཀྲི་དང་། མེ་གྷ་ལ་ཡ་མངའ་སྡེའི་ཤིས་ལོངས་གཞིས་ཆགས། ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་གཞིས་ཆགས་དང་། འབུམ་སྡེ་ལ་བོད་མིའི་ཁ་འཐོར་གཞིས་ཆགས། མོན་རྟ་དབང་བོད་མིའི་ཁ་འཐོར་གཞིས་ཆགས། རྡེ་རང་བོད་མིའི་ཁ་འཐོར་གཞིས་ཆགས། དེ་བཞིན་ན་གྷ་ལན་ཌི་མངའ་སྡེའི་དྷེ་མ་པུར་བོད་མིའི་ཚོང་པའི་འདུ་སྡོད་ས་གནས་དང་ཀོ་ཧེ་མ་བོད་མིའི་ཚོང་པའི་འདུ་སྡོད་ས་གནས་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་རྫོགས་ལེགས་པར་གྲུབ་འདུག་པ་བཅས།