བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་རྟ་དབང་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ནས་རྒྱ་གར་གྱི་མངའ་སྡེ་ཨ་སམ་དང་། ཨ་རུ་ན་ཅལ། མེ་གྷ་ལ་ཡ། ན་གྷ་ལན་ཌི་བཅས་ཀྱི་མངའ་སྡེ་ཁག་ནང་ཡོད་པའི་བོད་མིའི་འདུ་སྡོད་ཁག་ཏུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་བསྐྱངས་དང་སྐྱོང་བཞིན་ཡོད་འདུག

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་གྷོ་ཝ་ཧ་ཀྲི་དང་། ཤིས་ལོངས། བསྟན་འཛིན་སྒང་། འབུམ་སྡེ་ལ་ས་གནས་བཅས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོར་འབུམ་སྡེ་ལ་ནས་ས་གནས་འབྲེལ་མཐུད་པ་དང་ལྷན་ཕེབས་ཐོན་གནང་སྟེ། ཕྱི་དྲོ་ཆུ་ཚོད་ལྔ་པ་ཙམ་དུ་མོན་རྟ་དབང་དུ་ཕེབས་འབྱོར་མཚམས། དེ་གའི་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་ནས་སྣེ་ལེན་ཕེབས་བསུ་ཞུས་གནང་འདུག

ཕྱི་ཚེས་ ༢ ཉིན་གྱི་ཞོགས་པར་མོན་རྟ་དབང་ཁུལ་དུ་ཡོད་པའི་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་ཁང་དུ་མི་མང་ཚོགས་འདུ་བསྐོངས་པ་དང་། དེའི་སྐབས་འབུམ་སྡེ་ལའི་ཁ་འཐོར་གཞིས་ཆགས་ཀྱི་འབྲེལ་མཐུད་པ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་མི་མང་རྣམས་ཚང་འཛོམས་གནང་ཞིང་། སྐབས་དེར་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕེལ་རིམ་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་དགོས་གལ། བདུན་རེའི་རེས་གཟའ་ལྷག་པ་ནམ་ཡིན་ལ་འཆར་ཅན་༧སྐུའི་བླ་གཟའ་ལྷག་དཀར་སྲུང་བརྩི་བྱེད་དགོས་གལ་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་འདུག་པ་མ་ཟད། མང་ཚོགས་ཀྱི་དྲི་བ་དང་། དགོངས་ཚུལ་ཁག་ལ་ལན་འདེབས་གསལ་བཤད་ཞིབ་ནན་ཞུས་འདུག

མི་མང་ཚོགས་འདུ་གྲུབ་རྗེས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་ཁང་ནང་གཟིགས་ཞིབ་དང་། གནས་སྟངས་རྒྱུས་ལོན་དང་། དེ་རྗེས་རྟ་དབང་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པ་ (Bharat Tibbat Sahyog Manch) ཡི་ཚོགས་མི་དང་། བྷེ་ཇུ་བྷེ་ཚོགས་གཙོ་ལྷུན་འགྲུབ་ཆོས་བཟང་ལགས་དང་མཇལ་འཕྲད་གནང་ཞིང་། ཁོང་གིས་རྟ་དབང་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་བྱུང་རིམ་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་འདུག་པ་དང་། དེ་བཞིན་ཁོང་གིས་ས་གནས་སུ་གསུམ་ཅུའི་དུས་དྲན་སྲུང་བརྩི་སྐབས་ཀྱི་སྣེ་ཁྲིད་པ་གནང་བཞིན་ཡོད་པར་བསྔགས་བརྗོད་དང་། འབྱུང་འགྱུར་དེ་བཞིན་སེམས་ཤུགས་མ་ཆག་པར་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག

ཉིན་རྒྱབ་ས་གནས་འབྲེལ་མཐུད་པ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་ལྷན་ཆོས་སྡེ་ཆེན་པོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་རུ་མཆོད་མཇལ་གནང་ཞིང་། དེའི་སྐབས་དགོན་པའི་ཕྱག་མཛོད་ནས་འདུ་ཁང་དང་འགྲེམས་སྟོན་ཁང་། དེ་བཞིན་ཡིག་ཚང་བཅས་སུ་སྣེ་ཁྲིད་ཀྱིས་དགོན་པའི་བྱུང་རབས་དང་། ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་འདུག

སྤྱི་འཐུས་རྣམ་གཉིས་ནས་རྟ་དབང་དགོན་པར་གནས་གཟིགས་གྲུབ་མཚམས། སེ་ར་བྱེས་ཀྱི་ཡན་ལག་དགོན་པ་སེར་བྱེས་འཇམ་དབྱངས་ཆོས་གླིང་དུ་མཆོད་མཇལ་གནང་བ་དང་། དེའི་སྐབས་དགོན་པའི་ཕྱག་མཛོད་ནས་སྣེ་ལེན་ཕེབས་བསུ་གནང་འདུག དགོན་པའི་ཕྱག་མཛོད་མཆོག་ནས་དགོན་པའི་གནས་སྟངས་སྤྱི་དང་། བྱེ་བྲག་ཏུ་དགོན་པའི་སློབ་གཉེར་བ་རྣམས་ཀྱི་སློབ་གཉེར་གནང་ཕྱོགས་སྐོར་ལ་ངོ་སྤྲོད་གནང་འདུག་པ་ལྟར་རྒྱུས་ལོན་གནང་། དེ་རྗེས་༧རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་ཨོ་རྒྱན་གླིང་དུ་མཆོད་མཇལ་ལ་ཕེབས་འདུག

གཞན་ཡང་། སྤྱི་འཐུས་རྣམ་གཉིས་ནས་ཨ་རུ་ན་ཅལ་མངའ་སྡེའི་ཆོས་རིག་འགན་འཛིན་འཇམ་དཔལ་དབང་འདུས་མཆོག་དང་མཇལ་འཕྲད་གནང་སྟེ། ཁོང་ལ་ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་སྐོར་ངོ་སྤྲོད་ཞུས་པ་དང་སྦྲགས། སྤྱི་ཡོངས་ཀྱི་གནད་དོན་སྐོར་བཀའ་བསྡུར་དང་དགོངས་ཚུལ་བརྗེ་རེས་གནང་བ་དང་། དགོང་དྲོར་རྟ་དབང་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་ལྷུན་འགྲུབ་ཆོས་བཟང་ལགས་ནས་ཁོང་གི་ནང་དུ་དགོང་དྲོའི་གསོལ་ཚིགས་སུ་མགྲོན་འབོད་གནང་བ་ལྟར་ཆེད་བཅར་གནང་འདུག

ཕྱི་ཚེས་ ༣ ཉིན་གྱི་ཞོགས་པར་རྟ་དབང་ཁུལ་དུ་ཡོད་པའི་གནས་རྩ་ཆེན་སྟག་ཚང་དགོན་པ་དང་། གོར་ཟམ་མཆོད་རྟེན་དུ་མཆོད་མཇལ་དང་། རྒྱུས་ལོན་གནང་བ་དང་། དེ་རྗེས་སྐས་འཛེགས་མ་ཎི་དང་། མོན་སྒྲོལ་མ་ལྷ་ཁང་བཅས་སུ་མཆོད་མཇལ་དང་། རྒྱུས་ལོན་གནང་སྟེ་ཐེངས་འདིའི་མོན་རྟ་དབང་ཁུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་འདུག

བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༤ ཉིན་གྱི་སྔ་དྲོ་རྟ་དབང་ཁུལ་ནས་ལམ་ཞུགས་ཀྱིས་ཕེབས་ཐོན་གནང་སྟེ། ཕྱི་དྲོར་རྡི་རང་ཁ་འཐོར་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་རྒྱུ་དང་། དེར་ལམ་རིམ་བསྐྱང་རྒྱུ་རེད་འདུག་པ་དང་། དེ་རྗེས་རིམ་པར་དྷི་མ་པུར་དང་། ཀོ་ཧི་མ་བཅས་སུ་གཟིགས་སྐོར་གྱི་ལས་རིམ་གནང་རྒྱུ་ཡིན་པ་བཅས། །