བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་རྣམ་གཉིས་ནས་ཀེ་ར་ལ་མངའ་སྡེ་དང་། སྦེལ་ཀོབ་བདེ་སླར་གཞིས་ཆགས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༩ པའི་ཚེས་ ༢༩  ནས་ཟླ་ ༡༠ པའི་ ༣ བར་ཉིན་གྲངས་བཞིའི་རིང་ཀེ་ར་ལ་མངའ་སྡེའི་ནང་ཡོད་པའི་བོད་མི་སུད་ཚོང་བ་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་དང་། ཀོ་ཅིན་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སྨན་རྩིས་ཁང་ཡན་ལག་སྨན་ཁང་ལ་གཟིགས་སྐོར། སྦེལ་ཀོབ་བདེ་སླར་གཞིས་ཆགས་ནང་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལ་མཆོད་མཇལ་དང་། སློབ་གྲྭ་དང་། ལས་ཁུངས་ཁག་ལ་གཟིགས་སྐོར། དེ་བཞིན་ས་གནས་མང་ཚོགས་ཐུག་འཕྲད། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་ མ་ཧ་དྷེ་ཝ་  (Shri. K. Mahadeva, Member of the Karnataka Legislative Assembly) མཆོག་དང་མཇལ་འཕྲད་བཅས་གནང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེ་ན་ཡའི་དང་། པོན་ཌི་ཅེ་རི། ཨོ་རོ་ཝེ་ལི་ཁུལ་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཁག་གྲུབ་རྗེས། ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཨོ་རོ་ཝེ་ལི་བོད་ཀྱི་ཤེས་ཡོན་ལྟེ་གནས་ཁང་ནས་ཅེ་ན་ཡའི་གནམ་ཐང་ལ་ཕེབས་ཐོན་དང་། དེ་རྗེས་ཅེ་ན་ཡའི་གནམ་ཐང་ནས་ཀེ་ར་ལ་མངའ་སྡེའི་ནང་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་གནས་འབྲེལ་མཐུད་པ་ཨ་ཅག་ངག་དབང་ཆོས་སྒྲོན་ལགས་ཀྱིས་སྣེ་ལེན་ཞུས་ཤིང་། དགོང་དྲོ་ཆུ་ཚོད་ ༦ པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་ས་གནས་སུ་ཡོད་པའི་བོད་མི་སུད་ཚོང་བ་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ་མ་ཟད། ས་གནས་ལ་དཀའ་ངལ་ཇི་ཡོད་འདྲི་རྩད་དང་། ས་གནས་སུ་ཡོད་པའི་བོད་མིའི་གནས་སྟངས་ཇི་ཡོད་སོགས་ཀྱི་ཐོག་ལ་ཕན་ཚུན་བཀའ་བསྡུར་གནང་རྗེས། སྤྱི་འཐུས་རྣམ་པ་གཉིས་ནས་དེ་གའི་འབྲེལ་མཐུད་པ་ཨ་ཅག་ངག་དབང་ཆོས་སྒྲོན་ལགས་དང་། བོད་མི་ཁག་ཅིག་གི་ལྷན་དུ་ས་གནས་སུ་ཡོད་པའི་བོད་མིའི་ཁྲོམ་ར་ཁག་ལ་གཟིགས་སྐོར་གནང་འདུག

ཕྱི་ཚེས ༣༠ ཉིན་སྔ་དྲོ་དེ་གའི་འབྲེལ་མཐུད་པ་ཨ་ཅག་ངག་དབང་ཆོས་སྒྲོན་ལགས་ཀྱིས་ཕེབས་སྐྱེལ་གནང་བའི་ཐོག སྤྱི་འཐུས་རྣམ་པ་གཉིས་ཀོ་ཅིན་གྲོང་ཁྱེར་ལ་ཕེབས་ཐོན་གནང་སྟེ།   ས་གནས་སུ་འབྱོར་མཚམས། སྨན་རྩིས་ཁང་ས་གནས་ཡན་ལག་སྨན་ཁང་གི་སྨན་པ་དང་། ལས་བྱེད་རྣམ་གཉིས་ཀྱིས་ཕེབས་བསུ་སྣེ་ལེན་དང་།  སྨན་རྩིས་ཁང་ལ་གཟིགས་སྐོར་བཅས་གནང་རྗེས།

ཀོ་ཅིན་གནམ་ཐང་ནས་མའེ་སོར་ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། རྒྱ་གར་ལྷོ་ཕྱོགས་བདེ་སླར་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་དང་། དེ་ནས་མེ་སོར་ནས་སྦེལ་ཀོབ་བདེ་སླར་གཞིས་ཆགས་སུ་ཕེབས་ཐོན་གྱིས། དེ་གར་རྟེན་གཞི་བྱས་པའི་ས་སྐྱའི་མགྲོན་ཁང་དུ་ཕེབས་འབྱོར་མཚམས།  ས་གནས་དགོན་སྡེ་གྲྭ་ཚང་ཁག་གི་སྐུ་ཚབ་རྣམ་པ་དང་། ཚོགས་པ་སྐྱིད་སྡུག་ཁག་གི་འཐུས་མི་རྣམ་པས་སྣེ་ལེན་ཞུས་གནང་གནང་འདུག

ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་ནས་ས་གནས་སུ་ཡོད་པའི་༧རྒྱལ་བའི་ཕོ་བྲང་ལ་མཆོད་མཇལ་བཅར་ཞུས་ཤིང་། སྐབས་དེར་ས་གནས་སྤྱི་མི་དང་། བརྒྱ་དཔོན།  རང་བདེན་ཚོགས་ཆུང་གི་ཚོགས་གཙོ།  བུད་མེད་ཚོགས་པའི་ཚོགས་གཙོ་བཅས་ནས་སྣེ་ལེན་དང་། དེ་རྗེས་རིམ་པས་འབྲི་གུང་བཀའ་བརྒྱུད་ཐུབ་བསྟན་བཤད་སྒྲུབ་བྱང་ཆུབ་གླིང་དང་།  པདྨ་གསང་སྔགས་ཆོས་འཁོར་གླིང་།  གདན་ས་བཀྲ་ཤིས་ལྷུན་པོ་བཅས་ལ་མཆོད་མཇལ་ཞུས་པ་དང་། དགོན་ཁག་སོ་སོས་སྤྱི་འཐུས་རྣམ་པ་གཉིས་ལ་སྣེ་ལེན་གཟབ་རྒྱས་གནང་འདུག

དེ་བཞིན་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་མཇལ་བཅར་ཞུས་གནང་འདུག

དེ་ནས་སྤྱི་འཐུས་རྣམ་པ་གཉིས་ཀྱིས་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དང་། དགེ་སློབ་ཡོངས་ལ་ཤེས་ཡོན་གྱི་གལ་གནད་སྐོར་གསུངས་གནང་ཡོད།

དེ་ཉིན་དགོང་དྲོ་ཧིན་བོད་མཛའ་འབྲེལ་ཚོགས་པ་ཡིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་ཁུལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་རྣམ་པ་བཞི་གདན་ཞུས་ལྟར། གསོལ་ཚིགས་འདེགས་འབུལ་དང་སྦྲགས། ཁོང་རྣམ་པའི་ལས་བསྡོམས་སྒྲོག་སྦྱངས་གནང་རྗེས། ཕན་ཚུན་བོད་དོན་སྐོར་བགྲོ་གླེང་ལྷུགས་པོར་གནང་ཡོད་འདུག

ཕྱི་ཚེས ༢ ཉིན་སྔ་དྲོ་བདེ་སླར་མི་མང་ཚོགས་ཁང་ནང་ས་གནས་མི་མང་འདུ་འཛོམས་ཐོག སྤྱི་འཐུས་མཁན་པོ་ཀཿ  བྲག་དངོས་གྲུབ་བསོད་ནམས་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཆེན་བཞི་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར། གྲོས་ཚོགས་ཚོགས་དུས་བཞི་པའི་སྐབས་སུ་བཞག་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་། གདུང་སེམས་མཉམ་སྐྱེད་སོགས་ཀྱི་སྐོར་གསུངས་པ་དང་།  སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་གིས་རྒྱལ་སྤྱིའི་ནང་བོད་ལ་རྒྱབ་སྐྱོར་གནང་ཕྱོགས་དང་། བོད་ཐོག་སྲིད་བྱུས་འཛིན་སྟངས་སོགས་ཀྱི་སྐོར་གསུངས་གནང་རྗེས།  མང་ཚོགས་ཀྱི་དོགས་འདྲི་ཁག་ལ་སྤྱི་འཐུས་རྣམ་གཉིས་ཀྱིས་ལན་འདེབས་གསལ་བཤད་གནང་བ་དང་།

ཉིན་རྒྱབ་ཅ་ཀུར་ཚོགས་ཁང་ནང་ས་གནས་མི་མང་འདུ་འཛོམས་ཐོག་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག

དེ་རྗེས། སྤྱི་འཐུས་རྣམ་གཉིས་ནས་ རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་ མ་ཧ་དྷེ་ཝ་  (Shri. K. Mahadeva, Member of the Karnataka Legislative Assembly) མཆོག་དང་ལྷན་མཇལ་མོལ་གནང་རྗེས། སྟོན་པའི་ཞལ་ཐང་ཞིག་ཕྱག་རྟགས་སུ་ཕུལ། སྐབས་དེར་ས་གནས་འགོ་འཛིན་མཉམ་བཅར་ཞུས་གནང་།

ཕྱི་ཚེས ༣ ཉིན་སྤྱི་འཐུས་རྣམ་པ་གཉིས་ནས་བདེ་སླར་མཉམ་འབྲེལ་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་།  སྤྱི་མི་ལས་ཁུངས།  བདེ་སླར་མཉམ་འབྲེལ་ལས་ཁུངས་ཀྱི་སྡེ་ཚན་གཞན་ཁག  འོ་མ་མཉམ་འབྲེལ་ལས་ཁུངས།  སྔོན་འགྲོའི་སློབ་གྲྭ་ཁག་གཉིས། འཚོ་བྱེད་སྨན་ཁང་སོགས་ལ་རིམ་པས་གཟིགས་སྐོར་ཕེབས་པ་དང་།

དགོང་དྲོར་གཞིས་མཉམ་གཉིས་ནས་སྤྱི་འཐུས་རྣམ་པ་གཉིས་ལ་གསོལ་ཚིགས་འདེགས་འབུལ་དང་སྦྲགས། རྗེ་བཙུན་སྒྲོལ་དཀར་གྱི་ཞལ་ཐང་རེ་སོ་སོར་ཕྱག་རྟགས་སུ་ཕུལ་གནང་ཡོད་པ་བཅས། །